སྡེ་ཚན་གསུམ་གྱིས་ཁག་གཉིས་པར་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་དོ་པོ་ཁྲི་2གཏོང་སྤྲོད་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་8ཉིན་གློག་འཕྲིན་འབྱོར་གསལ། བོད་ལྗོངས་དིང་རི་རྫོང་གི་ས་ཡོམ་རིམ་པ་6.8ཀྱི་གེགས་སེལ་ལས་དོན་གྱི་དགོས་མཁོར་གཞིགས་ནས། ཚེས་8ཉིན། རྒྱལ་ཁབ་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་ཨུ་ལྷན་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་དང་མཉམ་དུ་དུས་འགོར་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་དོ་པོ་ཁྲི་2.2གཏོང་སྤྲོད་བྱས་པའི་རྨང་གཞིའི་ཐོག་སླར་ཡང་གནོད་འཚེ་ཕོག་ཁུལ་དུ་མལ་ཆས་དང་ལྟེབ་ཁྲི་སོགས་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་དོ་པོ་ཁྲི་2མང་དུ་བཏང་ནས་ས་ཡོམ་གྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་བའི་དིང་རི་རྫོང་དང་ཉེ་འཁོར་ས་ཁུལ་དུ་གེགས་སེལ་རོགས་སྐྱོབ་ལས་དོན་སྤེལ་བར་གཙོ་གནད་ཐོག་རྒྱབ་སྐྱོབ་བྱས་ཡོད།
ས་བབ་མཐོ་ཞིང་གནམ་གཤིས་གྲང་བ་སོགས་ཀྱི་གནོད་འཚེ་ཕོག་ཁུལ་གྱི་དམིགས་བསལ་གནས་ཚུལ་ལ་དམིགས་ཏེ། རྒྱལ་ཁབ་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་གེགས་སེལ་ཨུ་ལྷན་གཞུང་ལས་ཁང་དང་འཕྲལ་སྡོམ་དོ་དམ་སྡེ་ཚན་གྱིས་མཚོ་སྔོན་དང་སི་ཁྲོན་ཞིང་ཆེན་གཉིས་དང་། དེ་བཞིན་ཀྲུང་གོ་རྒྱ་གྲམ་དམར་པོ་སྤྱི་ཁྱབ་ཚོགས་པ་སོགས་དང་མཐུན་སྦྱོར་བྱས་ཏེ། གཞིས་རྩེ་གྲོང་ཁྱེར་གྱི་ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ་དུ་གེགས་སེལ་སྟབས་བདེའི་ཁང་པ་ཆ་ཚང་2000བསྐྲུན་ཡོད། གཞིས་རྩེ་གྲོང་ཁྱེར་ཡོམ་འགོག་གེགས་སེལ་བཀོད་འདོམས་པུས་ཆེད་སྒྲུབ་ལས་དོན་ཚོགས་ཆུང་བཙུགས་ཏེ། ས་ཁོད་སྙོམས་པ་དང་། སྟབས་བདེའི་ཁང་པ་རྩིས་ལེན་པ། ཁང་པ་སློང་བ། མང་ཚོགས་བཀོད་སྒྲིག་བཅས་ཀྱི་རྗེས་མཐུད་ལས་དོན་མཐུན་སྦྱོར་ངང་ཡག་པོ་བསྒྲུབས་ཏེ། གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་ངང་དགུན་ཁ་སྐྱེལ་ཐུབ་པར་འགན་ལེན་བྱས་ཡོད།
ས་ཡོམ་བརྒྱབ་རྗེས། ཀྲུང་གོ་ས་ཡོམ་ཅུས་ཀྱིས་ཀྲུང་གོ་ས་ཡོམ་བརྟག་དཔྱད་ཁང་དྲ་བའི་ལྟེ་གནས་དང་། བོད་རང་སྐྱོང་ལྗོངས་ས་ཡོམ་ཅུས། ས་ཡོམ་སྔོན་དཔག་ཞིབ་འཇུག་ཁང་སོགས་ཚན་པ་སྒྲིག་འཛུགས་མུ་མཐུད་བྱས་ཏེ། ཛ་དྲག་གྲོས་བསྡུར་ཐེངས་མང་བྱས་ནས་ཉེ་དུས་ས་ཡོམ་རྒྱག་ཁུལ་གྱི་ས་ཡོམ་རྒྱག་ཕྱོགས་ལ་རིམ་འདེད་བརྡར་གཅོད་བྱས་པ་རེད། བོད་ལྗོངས་དང་། སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན། ཤིན་ཅང་སོགས་ཀྱི་ས་ཡོམ་ཅུས་དང་། དེ་བཞིན་ཀྲུང་གོ་ས་ཡོམ་ཅུས་ཁོངས་གཏོགས་ཀྱི་ས་ཡོམ་སྔོན་འགོག་ལྟེ་གནས་དང་། ས་གཤིས་སུའོ། ལས་གྲྭ་ཤུགས་རིག་ཞིབ་འཇུག་སུའོ་སོགས་ཚན་པའི་མི་90ལྷག་ཙམ་མངགས་ནས། ཆེད་ལས་སྒྲིག་ཆས་ཁྱེར་ཏེ་འཕྲལ་མར་ས་ཡོམ་ཁུལ་དུ་བསྐྱོད་ནས། ས་གནས་དེ་གའི་སྲིད་གཞུང་གིས་ས་གནས་ས་ཐོག་ཏུ་འཕྲལ་སྡོམ་འཁོར་སྐྱོད་ལ་ལྟ་ཞིབ་ཚད་ལེན་དང་། གནོད་འཚེར་བརྟག་དཔྱད། ཡོམ་ཤུགས་ཆེ་ཆུང་ཞིབ་དཔྱད་གཏན་འཁེལ་སོགས་འཕྲལ་སྡོམ་ཐག་གཅོད་ལས་དོན་སྤེལ་བར་མཛུབ་ཁྲིད་དང་གཞོགས་འདེགས་བྱས་ཤིང་། མིག་སྔར་སྐོར་སྐྱོད་ས་ཡོམ་བརྟག་དཔྱད་ཚད་ལེན་ས་ཚིགས་2བཙུགས་ནས། གྲངས་གཞི་ཕྱིར་བསྡུ་ལེགས་སྒྲུབ་བྱས་ཡོད།