དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི“1.07”ས་ཡོམ་གྱི་ཡོམ་འགོག་གེགས་སེལ་ལས་དོན་སྤེལ་ཚུལ་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ།

    རོགས་སྐྱོབ་དང་འཚོལ་སྐྱོབ་ལས་དོན་དེ་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་དང་གེགས་རྗེས་བསྐྱར་སྐྲུན་གྱི་དུས་མཚམས་སུ་བསྒྱུར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-01-10

    འདི་ནི་ཟླ་1ཚེས་8ཉིན། དིང་རི་རྫོང་མཚོ་སྒང་ཤང་སྨོན་ཏོག་གྲོང་ཚོར་ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གི་མེ་ཟོན་མི་སྣས་གནོད་འཚེ་ཕོག་པའི་མང་ཚོགས་ལ་དགུན་ཉར་བྱས་པའི་ལུག་ཤ་དབོར་རོགས་བྱེད་བཞིན་པ།

    རིམ་ཁག་འཕྲལ་སྡོམ་རོགས་སྐྱོབ་དང་། མེ་ཟོན་རོགས་སྐྱོབ། ནགས་ཚལ་མེ་ཟོན། སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། དཔུང་སྡེའི་དཔོན་དམག་དེ་བཞིན་སྤྱི་ཚོགས་ཀྱི་འཕྲལ་སྡོམ་རོགས་སྐྱོབ་མི་སྣ་བཅས་མི་ཁྲི་1.2ལྷག་ཙམ་བསྐོངས་ཏེ་རོགས་སྐྱོབ་བྱས་པ་རེད། བཀོད་སྒྲིག་བྱ་ཡུལ་187བཙུགས་ཏེ་མི་ཁྲི་4.65བཀོད་སྒྲིག་བྱས་པ་རེད།

    རང་སྐྱོང་ལྗོངས་དང་གཞིས་རྩེ་གྲོང་ཁྱེར་དང་དིང་རི་རྫོང་དང་ལྷ་རྩེ་རྫོང་གིས་སྨན་དོན་མི་སྣ་ཁྱོན་391མངགས་ནས་སྐྱོབ་བཅོས་ལས་དོན་སྤེལ་བ་དང་། ཚེས་7ཉིན་གྱི་ཆུ་ཚོད་18བར་རིམ་རྩིས་བརྒྱབ་ན་ནད་པ་327ལ་སྨན་བཅོས་བྱས་པ་རེད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་རིགས་གཅིག་མཁས་ཅན་27སྐྱོབ་བཅོས་ལ་མཛུབ་ཁྲིད་བྱེད་པར་མངགས་པ་རེད།

    དངོས་ཟོག་འགན་སྲུང་ཐད་ཀྲུང་དབྱང་གི་མཛོད་ཁང་ནས་སྲིང་བལ་གྱི་གུར་2000དང་། སྲིང་བལ་གྱི་ཉལ་ཆས་5000 ལྟེབ་ཁྲི་5000 སྲིང་བལ་གྱི་ལྭ་རིང་10000བཅས་བཀོད་སྒྲིག་བྱས་ཡོད། རང་སྐྱོང་ལྗོངས་ཀྱི་མཛོད་ཁང་ནས་ལྟེབ་ཁྲི་1801དང་། སྲིང་བལ་གྱི་ལྭ་རིང་12100 གུར་2308 སྲིང་བལ་གྱི་ཉལ་ཆས་15000བཅས་བཀོད་སྒྲིག་བྱས་པ་རེད།

    ཟླ་1ཚེས་8ཉིན་གྱི་ཕྱི་དྲོར། གསར་འགོད་པར་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི“1.07”ས་ཡོམ་གྱི་ཡོམ་འགོག་གེགས་སེལ་ལས་དོན་སྤེལ་ཚུལ་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་གཉིས་པའི་ཐོག་ནས་ཤེས་རྟོགས་བྱུང་བར། ཟླ་1ཚེས་8ཉིན་གྱི་ཆུ་ཚོད་12པའི་བར་ད་རེས་ཀྱི་ས་ཡོམ་ནང་ཁང་པ་3609ལོག་པ་དང་། མི་126རྐྱེན་ལམ་དུ་ཤོར་བ། མི་188ལ་རྨས་སྐྱོན་ཕོག་ཡོད་པ་རེད། དིང་རི་རྫོང་དང་ལྷ་རྩེ་རྫོང་གི་ས་ཆ་ཁ་ཤས་ལ་གློག་ཆད་པ་དང་། རྒྱལ་ཁབ་དང་ཞིང་ཆེན་ལམ་དང་གྲོང་གསེབ་ཀྱི་གཞུང་ལམ་གྱི་ལམ་དུམ་ཁག་གཅིག་ལ་ཚད་གཞི་མི་འདྲ་བའི་གཏོར་སྐྱོན་ཕོག་ཡོད་ལ། དིང་རི་རྫོང་གྲམ་སོ་ཤང་དང་ཆུ་ལྷོ་ཤང་གི་འཕྲིན་གཏོང་སྒྲིག་ཆས་ཁག་གཅིག་ལ་གཏོར་སྐྱོན་ཚབས་ཆེན་ཕོག་ཡོད་པ་རེད། ཤར་གཏོང་ཉམས་བཟོའི་ལས་དོན་སྤེལ་བ་བརྒྱུད། ཡོམ་ཁུལ་གྱི་འཕྲིན་གཏོང་དང་། འགྲོ་ལམ། གློག་ཤུགས་བཅས་གཞི་རྩའི་ཆ་ནས་སླར་གསོ་བྱུང་ཡོད་པ་རེད། མིག་སྔར། རོགས་སྐྱོབ་འཚོལ་སྐྱོབ་ལས་དོན་དེ་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་དང་གེགས་རྗེས་བསྐྱར་སྐྲུན་གྱི་དུས་མཚམས་ལ་བསྒྱུར་ཡོད།

    ས་ཡོམ་བརྒྱབ་རྗེས། རང་སྐྱོང་ལྗོངས་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའུ་དང་། ཆུ་བེད། སྡོད་ཁང་འཛུགས་སྐྲུན། འགྲིམ་འགྲུལ། རང་བྱུང་ཐོན་ཁུངས་སོགས་ཁོངས་མིའི་ཚན་པས་འཕྲལ་མར་འཕྲལ་སྡོམ་དང་ལེན་བྱེད་འགོ་བཙུགས་ནས། ཡོམ་ཁུལ་གྱི་གནོད་འཚེ་ཕོག་པའི་མི་འབོར་དང་། ཆུ་བེད། སྡོད་ཁང་། འགྲིམ་འགྲུལ། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་དང་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་སོགས་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་པ་མ་ཟད། ཡོམ་འགོག་གེགས་སེལ་ལས་དོན་ཡང་འཕྲལ་དུ་སྤེལ་བ་རེད། ཟླ་1ཚེས་8ཉིན་གྱི་ཆུ་ཚོད་12བར། ཁྱོན་ཡོམ་འཕྲོ་ཐེངས་646ལྟ་ཞིབ་ཚད་ལེན་ཐུབ་པར། མིག་སྔར་ཡོམ་འཕྲོ་ཆེ་ཤོས་རིམ་པ་4.4བརྒྱབ་པ་དང་། ཡོམ་འཕྲོ་ཆེ་ཤོས་དེ་ས་ཡོམ་ལྟེ་བའི་ཁུལ་དང་བར་ཐག་སྤྱི་ལེ་18ཙམ་ཆོད་ཡོད་པ་རེད།

    མིག་སྔའི་བར། རིམ་ཁག་འཕྲལ་སྡོམ་རོགས་སྐྱོབ་དང་། མེ་ཟོན་རོགས་སྐྱོབ། ནགས་ཚལ་མེ་ཟོན། སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། དཔུང་སྡེའི་དཔོན་དམག་བཅས་དང་དེ་བཞིན་སྤྱི་ཚོགས་ཀྱི་འཕྲལ་སྡོམ་རོགས་སྐྱོབ་མི་སྣ་ཁྲི་1.2ལྷག་ཙམ་བསྐངས་ནས། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱས་པ་རེད། བཀོད་སྒྲིག་ས་ཚིགས་ཁག་187བཙུགས་ནས་མི་ཁྲི་4.65བཀོད་སྒྲིག་བྱས་པ་རེད། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ཁུལ་གྱི་ཡུལ་སྐོར་བ(ཚོགས་པ་དང་ཁེར་བགྲོད་ཡུལ་སྐོར་བ་ཚུད་ཡོད)484ཚང་མ་ཟླ་1ཚེས་7ཉིན་གྱི་ཆུ་ཚོད་12གོང་ལ། གཞིས་རྩེ་གྲོང་ཁུལ་དུ་བདེ་འཇགས་ངང་ལོག་ཐུབ་ཡོད།

    རང་སྐྱོང་ལྗོངས་དང་། གཞིས་རྩེ་གྲོང་ཁྱེར། དིང་རི་རྫོང་དང་ལྷ་རྩེ་རྫོང་གིས་ཁྱོན་སྨན་དོན་མི་སྣ་391མངགས་ནས། ས་ཡོམ་གྱི་གནོད་འཚེའི་སྨན་བཅོས་སྐྱོབ་བཅོས་ལས་དོན་སྤེལ་བ་དང་། ཟླ་1ཚེས་7ཉིན་གྱི་ཆུ་ཚོད་18བར། རིམ་རྩིས་བརྒྱབ་ན། ནད་པ་327ཉར་ནས་སྨན་བཅོས་བྱས་པ་རེད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་བྲང་ཁོག་ཕྱི་ནད་དང་། མྱུར་སྐྱོབ། ནད་ལྕི། དབང་རྩའི་ཕྱི་བཅོས། རྨས་སྐྱོན་བཅས་ཚུད་པའི་རིགས་གཅིག་མཁས་ཅན་27གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་སྐྱོབ་བཅོས་དང་མཛུབ་ཁྲིད་བྱེད་པར་མངགས་ཡོད།

    དངོས་ཟོག་འགན་སྲུང་ཐད། ཀྲུང་དབྱང་གི་མཛོད་ཁང་ནས་སྲིང་བལ་གྱི་གུར་2000དང་། སྲིང་བལ་གྱི་ཉལ་ཆས་5000 ལྟེབ་ཁྲི་5000 སྲིང་བལ་གྱི་ལྭ་རིང་10000བཅས་བཀོད་སྒྲིག་བྱས་ཡོད། རང་སྐྱོང་ལྗོངས་ཀྱི་མཛོད་ཁང་ནས་ལྟེབ་ཁྲི་1801དང་། སྲིང་བལ་གྱི་ལྭ་རིང་12100 དྲོད་ལེན་ཐབ་1437 གུར་2308 ལྟེབ་ཅོག་2466 ཀམ་པ་ལི་3600 སྲིང་བལ་གྱི་དོར་མ་3150 སྲིང་བལ་གྱི་གདན་1680 སྲིང་བལ་གྱི་ཉལ་ཆས་15000བཅས་བཀོད་སྒྲིག་བྱས་པ་རེད། གེགས་ཁུལ་གྱི་དངོས་ཟོག་དགོས་མཁོ་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱིས་ཚབ་གསོག་བྱས་པའི་ཉེ་འགྲམ་རྫོང་གི་དངོས་ཟོག་ཁྲོད་ནས་གཏོང་སྤྲོད་བྱེད་ཤུགས་ཆེ་རུ་བཏང་སྟེ། གནོད་འཚེ་ཕོག་པའི་མང་ཚོགས་ལ་དུས་ཐོག་ཏུ་རོགས་སྐྱོབ་ཐོབ་པར་འགན་ལེན་བྱེད་བཞིན་ཡོད། དེ་དང་ཆབས་ཅིག འཕྲལ་སྡོམ་དོ་དམ་པུའུ་ཡིས་འཕྲལ་སྡོམ་དངོས་ཟོག་མཐུན་སྦྱོར་འགན་སྲུང་ལམ་སྲོལ་འཕྲལ་དུ་བཙུགས་ཏེ། གཅེས་སེམས་ཁེ་ལས་དང་འབྲེལ་ཡོད་ཐེབས་རྩ་ལྷན་ཚོགས་ཀྱིས་རོགས་སྐྱོར་བྱས་པའི་འཕྲལ་སྡོམ་བཟའ་བཅའ་དང་། དྲོད་ལེན་ཐབ། གློག་གདན། ཞྭ་མོ། སྐེ་དཀྲིས། ལག་ཤུབས། དྲོད་སྲུང་གྱོན་ཆས་སོགས་འཚོ་བའི་རིགས་ཀྱི་གེགས་སེལ་དངོས་ཟོག་ཀྱང་གེགས་ཁུལ་དུ་གཅིག་རྗེས་གཉིས་མཐུད་ངང་སྐྱེལ་བར་མཐུན་སྦྱོར་བྱས་པ་རེད། ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་སྤྱི་ཁྱབ་བཟོ་ཚོགས་ཀྱིས་སྲིང་བལ་གྱི་གུར་དང་། སྲིང་བལ་གྱི་ཉལ་ཆས། དྲོད་སྲུང་གྱོན་ཆས། ལྟེབ་ཁྲི་སོགས་གེགས་སྐྱོབ་དངོས་ཟོག་4600(ཆ་ཚང)འཕྲལ་མར་བཀོད་སྒྲིག་བྱས་ཏེ། གེགས་ཁུལ་དུ་མང་ཚོགས་གནས་སྤོ་བཀོད་སྒྲིག་དང་འཚོ་བར་འགན་སྲུང་གི་ལས་དོན་ཡག་པོ་སྒྲུབ་པར་སྤྱད་པ་དང་། ཟླ་1ཚེས་7ཉིན་གྱི་ཕྱི་དྲོར། ལས་དོན་ཚོགས་ཆུང་དང་རོགས་སྐྱོབ་རུ་མི་ཡོམ་ཁུལ་དུ་གནོད་འཚེའི་གནས་ཚུལ་གྱི་དགོས་མཁོ་དཔྱད་དཔོག་དང་རོགས་སྐྱོབ་ལས་དོན་སྤེལ་བར་མངགས་པ་རེད།

    གོམ་སྟབས་རྗེས་མར། བོད་རང་སྐྱོང་ལྗོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཙུང་ལི་ལི་ཆང་གི་མཆན་བཀོད་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཡོམ་འགོག་བཀོད་འདོམས་པུའུ་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུའུ་ཡི་མཛུབ་ཁྲིད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད། རྒྱལ་ཁབ་པུའུ་ཨུད་དང་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་རྒྱབ་སྐྱོར་ཤུགས་ཆེན་བཅས་ཀྱི་འོག མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་བྱས་ཏེ། ས་ཡོམ་གྱི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་བའི་ཐད་ཤུགས་སྣོན་མུ་མཐུད་རྒྱག་པ་དང་། ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་མུ་མཐུད་བྱེད་པ། མི་གཅིག་ཀྱང་མ་ལུས་པར་བྱེད་པ། རྨས་མ་ནུས་ཤུགས་ཡོད་རྒུས་སྐྱོབ་བཅོས་བྱེད་པ། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་དང་དགུན་ཁ་དྲོ་སོབ་སོབ་ངང་སྐྱེལ་ཐུབ་པར་བྱེད་པ། ཞོར་ཐོན་གནོད་འཚེ་སྔོན་འགོག་བྱེད་པ། གནོད་འཚེའི་གནས་ཚུལ་ཞིབ་བཤེར་དང་གེགས་རྗེས་བསྐྱར་སྐྲུན་ནུས་ཤུགས་ཡོད་རྒུས་བྱེད་མགྱོགས་སུ་གཏོང་བ། གནོད་འཚེ་ཕོག་རྗེས་ཀྱི་ལས་དོན་ཁག་ལེགས་པར་བསྒྲུབས་ཏེ། གནོད་འཚེ་ཕོག་པའི་མང་ཚོགས་དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ་ཐུབ་པ་དང་ཁྱིམ་གཞིས་སྔ་ཙམ་བསྐྱར་སྐྲུན་ཐུབ་པ་བྱེད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།