ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒན་གསོའི་ཞབས་ཞུ་སྒྱུར་བཅོས་འཕེལ་རྒྱས་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒན་གསོའི་ཞབས་ཞུ་སྒྱུར་བཅོས་འཕེལ་རྒྱས་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་པ་རེད།
《བསམ་འཆར》ནང་བསྟན་དོན། རྒན་གསོའི་ཞབས་ཞུ་སྒྱུར་བཅོས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བ་ནི་རྒན་རྒོན་མི་འབོར་མང་བར་ཁ་གཏད་ཧུར་ཐག་གཅོག་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་བླང་བྱ་ཡིན་ལ། དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བའི་ལས་འགན་གལ་ཆེན་ཡང་ཡིན་པ་དེ་མི་དམངས་དུང་ཕྱུར་མང་པོའི་བདེ་རྩ་དང་འབྲེལ་བ་ཡོད་ལ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་ཡང་འབྲེལ་བ་ཡོད། རང་རྒྱལ་གྱི་རྒྱལ་བབ་དང་འཚམ་པའི་རྒན་གསོའི་ཞབས་ཞུའི་མ་ལག་མགྱོགས་མྱུར་འཛུགས་པ་དང་དེ་བས་ལེགས་པའི་ངང་རྒས་དུས་འཚོ་རྟེན་ཡོད་པ་འགན་སྲུང་བྱས་ནས་རྒན་རྒོན་ཡོངས་བདེ་སྐྱིད་ལྡན་པའི་ཚེ་མཇུག་ལ་རོལ་ཐུབ་པ་བྱེད་དགོས།
གང་ཐུབ་ཅི་ཐུབ་དང་འཁོས་དཔག་ལས་སྒྲུབ་མཐའ་འཁྱོངས་བྱས་ནས་ཚན་རིག་དང་མཐུན་པའི་སྔོན་གཅོད་བྱེད་ཤུགས་ཆེ་རུ་དང་སྔོན་ཚུད་ནས་བཀོད་སྒྲིག་ཡག་པོ་བྱེད་པ་དང་། རྒན་གསོའི་ཞབས་ཞུའི་དྲ་རྒྱ་གང་མགྱོགས་འཐུས་སྒོ་ཚང་དུ་གཏོང་བ། ཁྱིམ་སྡོད་རྨང་གཞིར་བྱེད་པ་དང་། སྡེ་ཁུལ་གཞི་རྟེན་དུ་བྱེད་པ། སྒྲིག་གཞི་ཆེད་ལས་ཀྱི་འདེགས་སྐྱོར་དུ་བྱེད་པ། གསོ་བཅོས་ཟུང་འབྲེལ་བཅས་ཀྱི་རྒན་གསོའི་ཞབས་ཞུའི་མཁོ་སྤྲོད་རྣམ་པ་ལེགས་སུ་གཏོང་བ། ལུས་ཟུངས་ཉམས་པའི་རྒན་རྒོན་ལ་ལྟ་རྟོག་གཙོ་བོར་བྱེད་པའི་གཞི་རྩའི་རྒན་གསོའི་ཞབས་ཞུ་སྒྲུབ་ཤུགས་ཆེ་རུ་གཏོང་བ། རིམ་པ་དང་རིགས་དབྱེ་བ་དང་། ཀུན་ཕན་ཡོངས་ཁྱབ། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པ། རྒྱུན་མཐུད་འཕེལ་རྒྱས་བཅས་ཀྱི་རྒན་གསོའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རྒན་རྒོན་བདེ་ཐང་ཡོང་བར་ཤུགས་སྣོན་རྒྱག་པ། རྒན་གསོའི་ཞབས་ཞུའི་སྤུས་ཚད་མཐོར་གཏོང་སོགས་ལ་སྐུལ་འདེད་གཏོང་བ། རྒན་གསོའི་བྱ་གཞག་དང་རྒན་གསོའི་ཐོན་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་སྔར་བས་འཕེལ་བ་བཅས་བྱས་ནས་རྒན་རྒོན་གྱི་རིམ་པ་མང་བ་དང་སྣ་མང་ཅན་གྱི་རྒན་གསོའི་ཞབས་ཞུའི་དགོས་མཁོ་དེ་བས་ལེགས་པའི་ངང་སྐོང་དགོས།
དམིགས་ཚད་གཙོ་བོ་ནི། 2029ལོར་སླེབས་སྐབས་རྒན་གསོའི་ཞབས་ཞུའི་དྲ་རྒྱ་སྤྱིར་ན་བསྐྲུན་ཟིན་པ་དང་། ཞབས་ཞུའི་ནུས་པ་དང་ཆུ་ཚད་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ། སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་བཅས་ལ་འཕེལ་རྒྱས་མངོན་གསལ་དོད་པོ་བྱུང་ནས་གཞི་རྩའི་རྒན་གསོའི་ཞབས་ཞུའི་མཁོ་སྤྲོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་འགྲོ་བ་བྱ་རྒྱུ་དང་། 2035ལོར་སླེབས་སྐབས་རྒན་གསོའི་ཞབས་ཞུའི་དྲ་རྒྱ་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ནས་ཞབས་ཞུ་མཁོ་སྤྲོད་དང་དགོས་མཁོ་དེ་བས་མཐུན་སྦྱོར་འཚམ་པོ་ཡོང་བ་དང་། རྒན་རྒོན་ཡོངས་ལ་གཞི་རྩའི་རྒན་གསོའི་ཞབས་ཞུ་ལོངས་སྤྱོད་ཐུབ་པ། རང་རྒྱལ་གྱི་རྒྱལ་བབ་དང་འཚམ་པའི་རྒན་གསོའི་ཞབས་ཞུའི་མ་ལག་གནད་སྨིན་རྒྱུན་འཇགས་ཡོང་བར་བྱ་རྒྱུ་དེ་རེད།
《བསམ་འཆར》ནང་བཏོན་དོན། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་རིམ་གསུམ་རྒན་གསོའི་ཞབས་ཞུའི་དྲ་རྒྱ་མགྱོགས་མྱུར་འཐུས་སྒོ་ཚང་དུ་བཏང་ནས་ཁྱིམ་སྡོད་དང་། སྡེ་ཁུལ། སྒྲིག་གཞི་བཅས་རིམ་གསུམ་རྒན་གསོའི་ཞབས་ཞུའི་རྣམ་པ་སྦྲེལ་མཐུད་མཐུན་སྦྱོར་ཡོང་བ་དང་། རྒན་གསོའི་ཞབས་ཞུའི་བྱ་གཞག་དང་། ཐོན་ལས། འཕེལ་རྒྱས་བཅས་ཕྱོགས་གསུམ་མཐུན་སྦྱོར་གྱི་ལམ་སྲོལ་འཛུགས་པ། ཁྲོམ་རའི་གསོན་ཤུགས་འཕེལ་བ་བཅས་བྱས་ཏེ་རྒན་གསོའི་ཞབས་ཞུའི་ཐོན་ལས་གཞི་ཁྱོན་ཅན་དང་། ཚོ་འདུས་ཅན། སྤུས་རྟགས་ཅན་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། གཞུང་ཁོངས་མ་རྩ་རྒན་གསོའི་ཞབས་ཞུ་འཕེལ་རྒྱས་ནང་ཞུགས་པར་སྐུལ་འདེད་གཏོང་བ་དང་། གཞུང་ཁོངས་ཁེ་ལས་དང་བྱ་གཞག་ཚན་པས་བེད་སྤྱོད་མ་བྱས་པར་བཞག་པའི་རྒྱུ་ནོར་གང་ལེགས་སྤྱད་དེ་རྒན་གསོའི་ཞབས་ཞུ་སྤེལ་བར་ལྕག་སྐུལ་བྱེད་པ། ཕྱི་རྒྱལ་ཚོང་པས་རྒྱལ་ནང་གི་རྒན་གསོའི་ཞབས་ཞུའི་ཐོན་ལས་ལ་མ་འཇོག་བྱེད་པ་དང་ཆབས་ཅིག རྒྱལ་དམངས་ཀྱི་ཐོབ་ཐང་ལོངས་སྤྱོད་བྱེད་པར་ལྕག་སྐུལ་བྱེད་པ། བྱེས་སྡོད་རྒན་གསོ་བྱ་ཡུལ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
《བསམ་འཆར》ནང་ད་དུང་ནུས་ལྡན་དང་ཕན་འབྲས་ལྡན་པའི་རྒན་གསོའི་ཞབས་ཞུའི་རྒྱུ་རྐྱེན་གཙོ་བོ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྩ་འཛུགས་ཀྱི་ལག་བསྟར་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་བླང་བྱའང་བཏོན་ཡོད་པ་རེད།