གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་དགོས་མཁོར་སྔོན་ལ་བསམ་བློ་གཏོང་དགོས།
ལེ་ཧྲོང་ཅི་ཡིས།
བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་ཡོད། མིག་སྔར་གལ་ཆེ་ཤོས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དོན་ཐོག་ཏུ་འཁྱོལ་བ་བྱས་ནས། ནུས་ཤུགས་ཡོད་རྒུས་མི་སྣ་འཚོལ་སྐྱོབ་དང་། ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས། ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་མི་སྣ་ཤི་རྨས་ཉུང་དུ་གཏོང་བ། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་ཡག་པོ་བཅས་བྱས་ནས་བདེ་འཇགས་དང་དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ་ཐུབ་པའི་འགན་ལེན་བྱ་རྒྱུ་དེ་རེད།
ད་ལྟ་རྒྱལ་ཡོངས་ཀྱི་གོང་འོག་ཚང་མ་དང་གནོད་འཚེ་ཕོག་པའི་མང་ཚོགས་དབར་སེམས་པ་གཅིག་ཏུ་སྦྲེལ་ནས་རོགས་སྐྱོབ་དང་སྐྱོབ་བཅོས་སྟོབས་ཤུགས་མགྱོགས་མྱུར་ཡོམ་ཁུལ་དུ་འབྱོར་རེ་བྱེད་པ་དང་། གྲང་འགོག་གྱོན་ཆས་དང་མཁོ་ཆས་དང་བཟའ་བཅའ་དང་སྨན་རྫས་སོགས་དུས་ཐོག་ཏུ་གནོད་འཚེ་ཕོག་ཁུལ་དུ་འབྱོར་རེ་བྱེད་པ། གནོད་འཚེ་ཕོག་པའི་མང་ཚོགས་མགྱོགས་མྱུར་བཀོད་སྒྲིག་བྱེད་པ་དང་རྗེས་འཇུག་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་རེ་བྱེད་ཀྱི་ཡོད། དེར་བརྟེན་ངེས་པར་དུ་ས་ཡོམ་རོགས་སྐྱོབ་ཀྱི་དུས་ཚོད་ཡག་ཤོས་དམ་འཛིན་གྱིས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་དགོས་མཁོ་སྔོན་ལ་བསམ་བློ་གཏོང་བ་དང་། སྤྱི་ཚོགས་ཀྱིས་དོ་ཁུར་དང་སེམས་ཁུར་བྱེད་ལུགས་འཕྲལ་མར་ཁོང་ཚོས་ཚོར་ཐུབ་པ་བྱེད་དགོས། ད་ཆ་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཚོས་ཛ་དྲག་ངང་བྱ་སྤྱོད་སྤེལ་བ་དང་ཕྱོགས་ཁག་གི་སྟོབས་ཤུགས་གནོད་འཚེ་ཕོག་ཁུལ་དུ་འབྱོར་ནས་ཉེན་སེལ་རྒུད་སྐྱོབ་ཀྱི་དངོས་ཟོག་ཛ་དྲག་ངང་བཏང་ཡོད། དུས་ཚོད་དམ་འཛིན་བྱེད་པ་དང་། གྲང་ངར་ཁྱད་བསད་བྱེད་པ། མྱུར་ཚད་དེ་བས་མགྱོགས་པ། བྱེད་ཐབས་དེ་བས་ནུས་ལྡན་བཅས་ཡོང་བ་བྱེད་དགོས།
གང་འདྲ་ཞིག་ལ་ཏང་ཡོན་ལས་བྱེད་པ་ཟེར། དེ་ནི་འགག་རྩའི་དུས་སུ་དོན་ཐུབ་པ་དང་བྱ་སྤྱོད་སྤེལ་ཐུབ་པ། མང་ཚོགས་ཚོར་མཁོ་བའི་སྐབས་ཁོང་ཚོ་འཁྲིས་སུ་ཡོད་པ། རྟེན་ས་དང་སྙིང་ཉེ་བ་ཞིག་ཏུ་གྱུར་བ། འགག་རྩའི་དུས་སུ་སྔར་བས་འགན་འཁྲི་འཁུར་ཐུབ་པ་དེ་ཡིན། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཉེན་སེལ་གེགས་སེལ་གྱི་མདུན་དུ་བསྐྱོད་ནས་ཉེན་ཁའི་གནས་སུ་གྱར་བའི་མང་ཚོགས་སྐྱོབ་པའི་ནུས་ལྡན་བྱ་སྤྱོད་སྤེལ་བ་དང་དྲོ་སྐྱིད་དང་བྱམས་བརྩེའི་ངང་གནོད་འཚེ་ཕོག་པའི་མང་ཚོགས་ལ་སེམས་གསོ་བཏང་སྟེ་མང་ཚོགས་ཚོར་ཡིད་ཆེས་དང་རེ་བ་སྦྱིན་དགོས།