དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ས་ཡོམ་རིམ་པ་6.8ཀྱི་ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་བསྐྱོད་པ།

    གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་སྡོད་ས་དྲོ་སོབ་སོབ་དང་ལྟོ་ཆས་ལ་འགན་ལེན་ཡོད་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-01-09

    ཟླ་1ཚེས་7ཉིན་གྱི་ཆུ་ཚོད་9དང་སྐར་མ་5ཙམ་ལ། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པ་དང་ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ་10ཟིན་གྱི་ཡོད།

    དེ་ཉིན་གསར་འགོད་པས་ས་གནས་ས་ཐོག་ནས་འཚོལ་སྐྱོབ་ལས་དོན་ཛ་དྲག་ཆེ་ལ་གོ་རིམ་ལྡན་པ་དང་དཔུང་སྡེའི་དཔོན་དམག་དང་། མེ་ཟོན་རོགས་སྐྱོབ་པ། སྨན་དོན་མི་སྣ་སོགས་རོགས་སྐྱོབ་སྟོབས་ཤུགས་མང་པོས་གཞོགས་འདེགས་དམ་ཟབ་བྱས་ཏེ་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་ཚེ་སྲོག་མྱུར་སྐྱོབ་བྱེད་བཞིན་ཡོད་པ་མཐོང་བྱུང་།

    བོད་དམག་ཁུལ་ཁང་གི་ཐོན་ཤོག་ཅིག་གི་ཡན་ལག་རུ་ཁག་གི་བཀོད་འདོམས་པ་ཏུང་ཙེ་ཀང་གིས་དཔོན་དམག་གི་སྣེ་ཁྲིད་དེ་དིང་རི་རྫོང་མཚོ་སྒང་ཤང་གི་ས་ཡོམ་གེགས་ཁུལ་དུ་རོགས་སྐྱོབ་བྱེད་པར་བསྐྱོད་པ་དང་། “ང་ཚོས་ངེས་པར་དུ་དུས་ཚོད་དམ་འཛིན་བྱས་ཏེ་འཚོལ་སྐྱོབ་ལས་ཀ་གང་ཐུབ་ཅི་ཐུབ་ཀྱིས་ཡག་པོ་སྒྲུབ་ཀྱི་ཡིན”ཞེས་བཤད།

    མཚོ་སྒང་ཤང་ལྟེ་བའི་སློབ་ཆུང་ནི་ཇོ་མོ་གླང་མའི་འདབས་སུ་གནས་པ་དང་ས་ཡོམ་བརྒྱབ་རྗེས་དེ་གར་ཡོམ་འགོག་དངོས་རྫས་གཏོང་སྤྲོད་བརྒྱུད་སྐྱེལ་གྱི་བར་བརྒྱུད་ས་ཚིགས་སུ་བཀོད་སྒྲིག་བྱས་ཏེ་གྲོང་ཚོ་བདུན་གྱི་དངོས་རྫས་གཏོང་སྤྲོད་བྱེད་ཀྱི་ཡོད་པ་རེད། མཚན་མོ་མལ་ཆས་དང་། སྟབས་བདེའི་བཟའ་བཅའ། གུར། ཉལ་ཁྲི་སོགས་འགན་ལེན་དངོས་རྫས་སྐྱེལ་འདྲེན་བྱེད་མཁན་རོགས་སྐྱོབ་རླངས་འཁོར་སླེབས་པ་མཐོང་སྐབས། སྐྱིད་འོང་གྲོང་ཚོའི་གྲོང་མི་ནོར་བུས“ཅ་དངོས་དེ་དག་ཡོད་པས་ང་ཚོར་མཚན་མོ་འཁྱགས་དོགས་ཀྱི་སེམས་ཁྲལ་མི་འདུག”ཅེས་བཤད།

    ཆ་སྙོམས་ས་བབ་མཐོ་ཚད་སྨི་4300ཟིན་པའི་དིང་རི་རྫོང་དུ་ས་རུབ་མ་ཐག་དྲོད་ཚད་ཀླད་ཀོར་འོག་གི་ཨང་གྲངས་བཅུ་ལྷག་ཙམ་བར་མྱུར་དུ་ཆག་གི་ཡོད།

    དངོས་རྫས་ལེན་མཁན་གྱི་མཚོ་སྒང་ཤང་སྐྱིད་འོང་གྲོང་ཚོའི་གྲོང་མི་རྡོ་རྗེ་དགྲ་འདུལ་གྱིས“ཕོ་ཁེབས་དང་ཀམ་པ་ལི་རག་བྱུང་། སྔོན་ལ་རྒན་རྒོན་དང་བྱིས་པ་གུར་ནང་སྡོད་ཐུབ་པའི་འགན་ལེན་བྱེད་ཀྱི་ཡིན”ཞེས་བཤད།

    གསར་འགོད་པར། གནས་སྤོ་བཀོད་སྒྲིག་བྱས་པའི་གནོད་འཚེ་ཕོག་པའི་མང་ཚོགས་གྲལ་སྟར་འགྲིག་པའི་གུར་ནང་དྲོ་སོབ་སོབ་ངང་བསྡད་ཡོད་པ་མ་ཟད་ད་དུང་ལྟོ་ཆས་ཀྱང་ཡག་པོ་ཡོད་པ་ཤེས་རྟོགས་བྱུང་ཡོད།

    གྲམ་སོ་ཤང་དུ་རོགས་སྐྱོབ་བྱེད་མཁན་བོད་དམག་ཁུལ་ཁང་གི་ཐོན་ཤོག་ཅིག་གིས་སོ་ལོ་སྔོན་པོ་ཤ་བརྔོས་དང་ཞོག་ཁོག་སོགས་གྲ་སྒྲིག་བྱས་ཏེ་གྲམ་སོ་ཤང་བྲག་བྱང་གྲོང་ཚོའི་གྲོང་མི་ཚོར་ས་ཡོམ་བརྒྱབ་རྗེས་ཚ་སོབ་སོབ་ཀྱི་ལྟོ་ཆས་དང་པོ་དེ་ཟ་རྒྱུ་བྱུང་བ་དང་ལོ་11ལ་སླེབས་པའི་བསོད་ནམས་བཀྲ་ཤིས་ཀྱིས“ཨ་ཁུ་བཅིངས་འགྲོལ་དམག་མིས་བཟོས་པའི་ལྟོ་ཆས་ཧ་ཅང་ཞིམ་པོ་འདུག”ཅེས་བཤད།

    གྲམ་སོ་ཤང་གཡུ་སྤེ་གྲོང་ཚོའི་གྲོང་མི་ཚེ་གཡང་ལྷ་མོས“ཁྱིམ་དུ་ཡོད་པའི་ནོར་ལུག་ཚང་མར་རྨས་སྐྱོན་ཕོག་མི་འདུག”ས་ཡོམ་རྒྱག་སྐབས་ཁང་པ་ཡོམ་ཡོམ་བྱས་པས་ཚང་མ་འཁྱོམ་བཞིན་ཕྱིར་བྲོས་པ་ཡིན། གྲོང་ཚོའི་གློག་སྐུད་ཆད་མོད། ཆ་འཕྲིན་ཤར་གཏོང་ཐུབ་ཀྱི་ཡོད“འགྲིམ་འགྲུལ་སྒྲིག་བཀོད་ལ་སྤྱིར་སྐྱོན་བྱུང་མེད་ཁར་རླངས་འཁོར་ཡང་ཤར་གཏོང་ཐུབ་ཀྱི་ཡོད”ཅེས་བཤད།

    ཚེས་7ཉིན་གྱི་ཆུ་ཚོད་19ཙམ་བར་ས་ཡོམ་ཁྲོད་ཁྱོན་མི་126རྐྱེན་ལམ་དུ་ཤོར་བ་དང་། ཁང་པ་3609ལོག་པ། མི་188ལ་ཚད་གཞི་མི་འདྲ་བའི་རྨས་སྐྱོན་ཕོག་པའི་ནང་རྨས་མ་ཚབས་ཆེན་28གྲོང་ཁྱེར་མི་དམངས་སྨན་ཁང་དུ་བསྐྱལ་ནས་སྐྱོབ་བཅོས་བྱེད་བཞིན་ཡོད་པ་རེད།

    (འདི་ག་ཚགས་པར་གྱི་གསར་འགོད་པ། ཡོན་ཆོན་དང་ཆུང་བདག་སྒྲོལ་དཀར། མི་དམངས་དྲ་བའི་གསར་འགོད་པ། ཝུའུ་ཡུས་རེན། ཧའོ་ཅེ)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།