རིགས་གཅིག་མཁས་ཅན་གྱིས་བོད་ལྗོངས་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པའི་སྐོར་གསལ་འགྲེལ་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་ས་ཡོམ་དྲ་བས་ཚད་འཇལ་གཏན་འཁེལ་བྱས་པ་གཞིར་བཟུང་། 2025ལོའི་ཟླ་1ཚེས་7ཉིན་གྱི་ཆུ་ཚོད་9དང་སྐར་མ་5ཙམ་ལ་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པ་དང་ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ་10ཟིན་ཡོད་པ་རེད། ས་ཡོམ་བརྒྱབ་རྗེས་ཀྲུང་གོ་ས་ཡོམ་དྲ་བའི་ལྟེ་གནས་ཀྱིས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་ད་ཐེངས་ཀྱི་ས་ཡོམ་ལ་ཞིབ་འཇུག་དབྱེ་ཞིབ་བྱས་པ་དང་། དིང་རི་རྫོང་གི་ས་ཡོམ་རིམ་པ་6.8ཀྱི་ཡོམ་ལྟེ་མཚོ་བོད་ས་མཐོའི་ལྷ་སའི་ས་དུམ་ནང་ཁུལ་དུ་ཡིན་པ་དང་ས་ཡོམ་དང་ཐག་ཉེ་ཤོས་ཀྱི་ཆད་རིམ་གཏིང་མོ་མཚོ་གས་པ་དང་། ཡོམ་ལྟེ་དང་བར་ཐག་སྤྱི་ལེ་11ཙམ་ཡོད། ཡོམ་ཁུངས་ཀྱི་རྣམ་པ་ནི་བསྣར་འཐེན་དབྱིབས་ཀྱི་ཆག་གས་ཡིན་པ་རེད།
ཀྲུང་གོ་ས་ཡོམ་དྲ་བ་ལྟེ་གནས་ཀྱི་རིགས་གཅིག་མཁས་ཅན་གྱིས་རྒྱ་གར་གྱི་བྲག་ལེབ་དང་ཡོ་རོབ་དང་ཨེ་ཤེ་ཡའི་བྲག་ལེབ་རྡུང་བའི་དབང་གིས་མཚོ་བོད་ས་མཐོ་འབུར་དུ་འདོན་པ་དང་། ས་ཤུན་ཇེ་ཐུང་དང་མཐུག་པ། རྒྱ་ཁྱབ་ཀྱི་ས་མཐོའི་དབྱིབས་འགྱུར་བཅས་ནི་ཀྲུང་གོའི་སྐམ་ས་ཆེ་མོའི་ནུབ་རྒྱུད་ཀྱི་གྲུབ་ཚུལ་ལ་འགྱུར་ལྡོག་འགྲོ་ཚུལ་ཚོད་འཛིན་བྱེད་པའི་སྒུལ་ཤུགས་རིག་པའི་རྣམ་པ་ཞིག་རེད། མཚོ་བོད་ས་མཐོའི་ལྷོ་རྒྱུད་ས་ཁུལ་ལ་དུས་མཚུངས་སུ་ལྷོ་བྱང་ཕྱོགས་ཀྱི་བཙིར་ཤུགས་དང་ཤར་ནུབ་ཕྱོགས་ཀྱི་བསྣར་འཐེན་ནུས་པའི་ཤུགས་རྐྱེན་ཐེབས་ཡོད། ས་མཐོའི་ནང་ཁུལ་དུ་ལྷོ་བྱང་ཕྱོགས་དང་ཤར་ནུབ་ཕྱོགས་སུ་བསྣར་འཐེན་དཔེ་མཚོན་གྱི་ཆག་གས་རིགས་གཉིས་བྱུང་ཡོད། ས་ཤུན་གྱི་དབྱིབས་འགྱུར་དྲག་པོའི་ནུས་པའི་འོག་ལྷ་སའི་ས་དུམ་དང་མཐའ་འཁོར་གྱི་ཆག་གས་ཁུལ་གྱི་འགུལ་སྐྱོད་དྲག་པོ་ཐེབས་ཀྱི་ཡོད། 1950ལོ་ནས་བཟུང་ལྷ་སའི་ས་དུམ་ནང་ཁྱོན་རིམ་པ་6ཡན་གྱི་ས་ཡོམ་ཐེངས་21བརྒྱབ་པ་དང་། ཆེ་ཤོས་ནི་2017ལོའི་བོད་ལྗོངས་སྨན་གླིང་གི་ས་ཡོམ་རིམ་པ་6.9ཡིན་པ་རེད། དེར་བརྟེན་ད་ཐེངས་ཀྱི་ས་ཡོམ་ནི་ལྷ་སའི་ས་དུམ་གྱི་ནུས་ཚད་ཕྱིར་གཏོང་གི་ཁོངས་སུ་གཏོགས་པ་ཞིག་རེད་ཅེས་བརྗོད།
རིགས་གཅིག་མཁས་ཅན་དེས་ད་དུང་སྤྱིར་བཏང་ནས་བརྗོད་ན། ས་ཡོམ་ཅུང་ཆེན་པོ་ཞིག་བརྒྱབ་རྗེས་དེའི་ཡོམ་ཁུངས་ཁུལ་དང་ཉེ་འགྲམ་ས་ཁོངས་སུ་ཡོམ་འཕྲོའི་གནས་ཚུལ་ལྟ་ཞིབ་བྱེད་ཐུབ། ཡོམ་འཕྲོའི་གནས་ཚུལ་དེ་དག་དུས་ཚོད་ཀྱི་འཕོ་འགྱུར་དང་བསྟུན་ནས་ཤུགས་ཚད་དང་ཐེངས་གྲངས་རིམ་བཞིན་ཆུང་དུ་དང་ཉུང་དུ་འགྲོ་བ་དང་། བརྒྱུད་རིམ་ཁྲོད་དུའང་ལངས་འཇགས་ཀྱི་གནས་ཚུལ་ཐོན་སྲིད། དེར་བརྟེན་དེ་སྔའི་ཡོམ་ཁུལ་དང་ཉེ་འགྲམ་ས་ཁུལ་དུ་ཉིན་འགའི་ནང་སྔར་བཞིན་ས་ཡོམ་རྒྱག་སྲིད་ཅེས་བརྗོད།