དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ།

    དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་ནུས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-09

    ཟླ་1ཚེས་7ཉིན་གྱི་ཆུ་ཚོད་9དང་སྐར་མ་5ལ། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པ་དང་ས་ཡོམ་བརྒྱབ་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་འབྲེལ་མཛུབ་སྟོན་གལ་ཆེན་ཡང་གནང་ཞིང་། ཁོང་གིས“ནུས་ཤུགས་ཡོད་རྒུས་མི་སྣ་འཚོལ་སྐྱོབ་དང་རྨས་མ་སྐྱོབ་བཅོས་བྱེད་པ”དང“གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་ཡག་པོ་དང་རྗེས་འཇུག་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ”“མང་ཚོགས་ཀྱི་གཞི་རྩའི་འཚོ་བ་བཀོད་སྒྲིག་ཡག་པོ་བྱས་ཏེ་བདེ་འཇགས་དང་དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ་ཐུབ་པའི་འགན་ལེན་བཅས་བྱེད་དགོས”ཞེས་ནན་བཤད་གནང་བ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། འཐབ་ས་དང་པོའི་རོགས་སྐྱོབ་མི་སྣས་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་རྒྱ་ཆེའི་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཡོམ་འགོག་གེགས་སེལ་གྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་གཏོང་བ། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་མི་སྣ་འཚོལ་སྐྱོབ་བྱེད་པ། ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་པ། གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་བཀོད་སྒྲིག་ཡག་པོ་བྱེད་པ། འབྲེལ་ཡོད་སྡེ་ཚན་ཁག་གིས་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་བྱེད་པ། ཡོམ་འགོག་གེགས་སེལ་གྱི་ལས་དོན་ཁག་ཛ་དྲག་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བ། ཉེན་སེལ་རོགས་སྐྱོབ་དངོས་ཟོག་དུས་ཐོག་ཏུ་གཏོང་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱས་ཡོད།

    མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་བྱེད་པ།

    ས་ཡོམ་བརྒྱབ་རྗེས། རོགས་སྐྱོབ་སྟོབས་ཤུགས་སྣ་ཚོགས་ཀྱིས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ནས་གེགས་ཁུལ་དུ་སྐྱོད་དེ་ཉེན་སེལ་རོགས་སྐྱོབ་བྱས་པ་དང་སྡེ་ཚན་མང་པོ་ཞིག་གིས་མགྱོགས་མྱུར་འཕྲལ་སྡོམ་དང་ལེན་བྱས་ཡོད།

    རྒྱལ་སྲིད་སྤྱི་ཁྱབ་ཁང་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའི་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་རྒྱལ་ཁབ་ཀྱི་ས་ཡོམ་གྱི་འཕྲལ་སྡོམ་དང་ལེན་རིམ་པ་གསུམ་པ་ནས་རིམ་པ་གཉིས་པར་སྤར་བ་དང་རྒྱལ་ཁབ་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་གེགས་སེལ་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་ཀྱི་གེགས་སེལ་འཕྲལ་སྡོམ་རིམ་པ་གཉིས་པར་སྤར་བ་རེད། གེགས་ཁུལ་ལ་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཁྲི་2.2བཏང་བའི་རྨང་གཞིའི་ཐོག རྒྱལ་ཁབ་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་གེགས་སེལ་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་འཕྲལ་སྡོམ་དངོས་ཟོག་སྲིད་གཞུང་དང་སྤྱི་ཚོགས་མཐུན་སྦྱོར་འགན་སྲུང་ལམ་སྲོལ་འཕྲལ་དུ་སྤྱོད་འགོ་ཚུགས་ནས་གེགས་ཁུལ་ལ་དྲོད་ལེན་ཐབ་དང་གློག་དྲོད་གདན་སོགས་གེགས་སེལ་དངོས་ཟོག་ཁྲི་13ལྷག་ཙམ་རོགས་སྐྱོར་བྱས་ནས་གནོད་འཚེ་ཕོག་པའི་མང་ཚོགས་བདེ་འཇགས་དང་དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ་ཐུབ་པའི་འགན་ལེན་ནུས་ཤུགས་ཡོད་རྒུས་བྱས་པ་རེད།

    ཚེས་7ཉིན་གྱི་ཆུ་ཚོད་22ཙམ་ལ། སྲིང་བལ་གུར་དང་སྲིང་བལ་མལ་ཆས་སོགས་ཀྲུང་དབྱང་གི་ཐེངས་དང་པོའི་གེགས་སེལ་དངོས་ཟོག་5800ལྷག་ཙམ་གེགས་ཁུལ་དུ་བསྐྱལ་ཟིན་པ་རེད།

    ཚེས་7ཉིན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཀྲུང་དབྱང་གི་སྔོན་རྩིས་ནང་ནས་མ་དངུལ་སྒོར་དུང་ཕྱུར་1འཕྲལ་མར་གཏོང་སྤྲོད་བྱས་པ་དང་ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་དུང་ཕྱུར་1སྔོན་ལ་བཏང་སྟེ་གེགས་ཁུལ་གྱི་ཡོམ་འགོག་གེགས་སེལ་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས་ཡོད།

    བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་སྟོབས་ཤུགས་མང་པོ་ཞིག་ས་ཡོམ་གེགས་ཁུལ་དུ་འབྱོར་ནས་རོགས་སྐྱོབ་བྱེད་འགོ་ཚུགས་ཡོད། ནུབ་རྒྱུད་འཐབ་ཁུལ་གྱིས་ཇུས་གཞི་གཞིར་བཟུང་འཕྲལ་སྡོམ་རོགས་སྐྱོབ་ལམ་སྲོལ་ལག་བསྟར་བྱས་ནས་ཡོམ་ཁུལ་ཉེ་འགྲམ་གྱི་དམག་ཤུགས་དང་། སྨན་བཅོས། འགྲིམ་འགྲུལ། གནམ་གཤིས་སོགས་ཀྱི་གནས་ཚུལ་ལ་གཞིགས་ཏེ་རོགས་སྐྱོབ་སྟོབས་ཤུགས་མངགས་གཏོང་བྱས་པ་རེད། མིག་སྔར། འཐབ་ཁུལ་དུ་སྐྱོད་མཁན་བཀོད་འདོམས་སུའོ་ཡི་མི་སྣ་སྐྱེལ་འདྲེན་གནམ་གྲུ་—20ལ་བསྡད་དེ་གེགས་ཁུལ་དུ་སྐྱོད་ཡོད།

    ཚེས་7ཉིན་གྱི་ཆུ་ཚོད་21བར། བོད་དམག་ཁུལ་ཁང་གི་དམག་ཤུགས་ཁག་དང་པོའི་མི་གྲངས་750ལྷག་ཙམ་དིང་རི་རྫོང་གྲམ་སོ་ཤང་དུ་རོགས་སྐྱོབ་ལ་སྐྱོད་པ་དང་སྨན་བཅོས་རུ་ཁག་གསུམ་གྱི་སྨན་བཅོས་མི་སྣ་70ལྷག་ཙམ་གེཌ་སེལ་གྱི་འཐབ་ས་དང་པོར་བཏང་ཡོད། གཞིས་རྩེར་གུར་143དང་དྲོད་ལེན་སྒྲིག་ཆས་ཆ་ཚང་49སོགས་གྲབས་གསོག་བྱས་ཡོད། ཚེས་7ཉིན་གྱི་ཆུ་ཚོད་15དང་སྐར་མ་30བར། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གིས་དཔོན་དམག་595བཏང་ནས་རོགས་སྐྱོབ་བྱ་སྤྱོད་ནང་ཞུགས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་120ལྷག་ཙམ་གནས་སྤོས་བྱས་པ་དང་། ཞིག་རོའི་འོག་ཏུ་ལུས་པའི་མང་ཚོགས་32བསྐྱབས་པ། མི་12ལ་སྨན་བཅོས་སྐྱོབ་བཅོས་བྱས་ཡོད།

    མིག་སྔའི་བར། རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་མི་1500རོགས་སྐྱོབ་ནང་ཞུགས་པ་དང་དེའི་ནང་གི་མི་300ཡོམ་ལྟེར་འབྱོར་ཏེ་གནོད་འཚེ་ཅུང་ཚབས་ཆེ་བའི་ཤང་དང་གྲོང་རྡལ་ནས་ཉེན་གྱར་མི་སྣ་26འཚོལ་སྐྱོབ་བྱས་པ་དང་མང་ཚོགས་660ལྷག་ཙམ་གནས་སྤོ་ཁ་འགྲེམས་བྱས་ཡོད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་པེ་ཅིང་ཞེ་ཧོ་སྨན་ཁང་དང་སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་རྒྱལ་ཁབ་ཛ་དྲག་གསོ་རིག་རོགས་སྐྱོབ་རུ་ཁག་གི་རིགས་གཅིག་མཁས་ཅན་ས་ཡོམ་གེགས་ཁུལ་དུ་ཛ་དྲག་ངང་མངགས་ཡོད།

    སྤྱི་བདེ་པུས་འཕྲལ་སྡོམ་ལམ་སྲོལ་ལག་བསྟར་བྱས་ནས་བོད་ལྗོངས་སྤྱི་བདེ་ལས་ཁུངས་ཀྱིས་ནུས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་དང་། འགྲིམ་འགྲུལ་ལམ་བཤངས། བདེ་འཇགས་སྲུང་སྐྱོང་སོགས་ཀྱི་ལས་དོན་སྤེལ་རྒྱུར་བཀོད་གཏོང་བཀོད་སྒྲིག་བྱས་ནས་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་སྲུང་སྐྱོང་བྱས་ཡོད། ཚེས་7ཉིན་གྱི་ཉིན་དགུང་བར། གཞིས་རྩེ་གྲོང་ཁྱེར་དང་དིང་རི་རྫོང་དང་དེ་བཞིན་མཐའ་འཁོར་རྫོང་དང་ཆུས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་སྔ་རྗེས་སུ་ཉེན་རྟོག་པ་460ལྷག་ཙམ་ཁག་གསུམ་ལ་བགོས་ནས་ས་ཡུལ་དངོས་སུ་རོགས་སྐྱོབ་ལ་མངགས་པ་དང་། སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་དུས་ཐོག་ཏུ་འགྲོ་ལམ་འགྲིམ་འགྲུལ་དོ་དམ་གྱི་དྲན་སྐུལ་ཁྱབ་བསྒྲགས་བྱས་ནས་རོགས་སྐྱོབ་སྟོབས་ཤུགས་བདེ་བླག་ངང་གེགས་ཁུལ་དུ་འབྱོར་ཐུབ་པའི་འགན་ལེན་བྱས་ཡོད། བོད་ལྗོངས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱིས་མི་200ལྷག་ཙམ་ལས་གྲུབ་པའི་འཕྲལ་སྡོམ་རོགས་སྐྱོབ་སྟོབས་ཤུགས་ཁག་དང་པོ་སྒྲིག་འཛུགས་བྱས་ནས་གེགས་ཁུལ་དུ་བསྐྱོད་པ་རེད། ཚེས་7ཉིན་གྱི་ཆུ་ཚོད་15དང་སྐར་མ་30བར། རོགས་སྐྱོབ་ནང་ཞུགས་མཁན་གནས་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པས་ཉེན་གྱར་མང་ཚོགས་21བསྐྱབས་པ་དང་། གནོད་འཚེ་ཕོག་པའི་མང་ཚོགས་600ལྷག་ཙམ་བདེ་འཇགས་ངང་གནས་སྤོས་པ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་116གྲལ་བཤེར་བྱས་ཡོད།

    ས་ཡོམ་བརྒྱབ་རྗེས། འབྲེལ་ཡོད་སྡེ་ཚན་ཁག་གིས་གཏོར་སྐྱོན་ཕོག་པའི་གློག་ཤུགས་དང་། འཕྲིན་གཏོང་། འགྲིམ་འགྲུལ། དྲོད་ལེན་སོགས་རྨང་གཞིའི་སྒྲིག་བཀོད་འཕྲལ་དུ་ཉམས་བཟོ་བྱས་པ་དང་། མང་ཚོགས་ཀྱི་གཞི་རྩའི་འཚོ་བ་བཀོད་སྒྲིག་ཡག་པོ་བྱེད་རོགས་བྱས་ནས་མང་ཚོགས་བདེ་འཇགས་དང་དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ་ཐུབ་པའི་འགན་ལེན་བྱས་ཡོད།

    བཟོ་འཕྲིན་པུས་ཆ་འཕྲིན་འཕྲིན་གཏོང་ལས་རིགས་སྒྲིག་འཛུགས་བྱས་ནས་གཏོར་སྐྱོན་ཕོག་པའི་འཕྲིན་གཏོང་གི་རྨང་གཞིའི་སྒྲིག་བཀོད་ཛ་དྲག་ངང་མྱུར་བཟོ་བྱས་པ་དང་། ལས་དོན་ཚོགས་ཆུང་མངགས་ནས་གནོད་འཚེ་ཕོག་ཁུལ་དུ་འཕྲལ་སྡོམ་འཕྲིན་གཏོང་འགན་སྲུང་ལས་དོན་མཐུན་སྦྱོར་བྱས་ཡོད། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་འཕྲལ་སྡོམ་རིམ་པ་གསུམ་པ་དང་ལེན་བྱེད་འགོ་བཙུགས་པ་དང་ཚེས་7ཉིན་གྱི་ཆུ་ཚོད་18བར་གཏོར་སྐྱོན་ཕོག་པའི་ལམ་དུམ་ཚང་མ་ཤར་གཏོང་ཐུབ་ཡོད།

    རང་བྱུང་ཐོན་ཁུངས་པུས་ས་གཤིས་གནོད་འཚེའི་འགོག་སྲུང་རིམ་པ་IVདང་ལེན་བྱེད་འགོ་བཙུགས་ནས་རིགས་གཅིག་མཁས་ཅན་གེགས་ཁུལ་དུ་མངགས་ཏེ། ས་གནས་ལ་རོགས་སྐྱོབ་ལག་རྩལ་གྱི་འདེགས་སྐྱོར་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་རོགས་བྱས་ཡོད། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུས་ས་ཡོམ་འཕྲལ་སྡོམ་རིམ་པ་གཉིས་པ་དང་ལེན་བྱེད་འགོ་བཙུགས་པ་མ་ཟད། ད་དུང་ལས་དོན་ཚོགས་ཆུང་གེགས་ཁུལ་དུ་མངགས་ནས་ས་ཡོམ་རྗེས་ཀྱི་སྡོད་ཁང་འཛུགས་སྐྲུན་དང་གྲོང་ཁྱེར་གྱི་སྒྲིག་བཀོད་ཉེན་སེལ་མྱུར་སྐྱོབ་སོགས་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱས་ཡོད། ཆུ་བེད་པུས་ཆུ་བེད་ཡོམ་འགོག་རིམ་པ་IVཡི་འཕྲལ་སྡོམ་དང་ལེན་བྱེད་འགོ་བཙུགས་ནས་ཡོམ་ཁུལ་གྱི་ཆུ་བེད་ལས་གྲྭ་དང་ཞོར་ཐོན་གནོད་འཚེར་ལེབ་བཤེར་རྣམ་པའི་གྲལ་བཤེར་བྱས་པ་དང་། ཚེས་7ཉིན་གྱི་ཆུ་ཚོད་10དང་སྐར་མ་43ཐོག སྲུང་སྐར་གྱི་རྒྱང་ཚོར་གཟུགས་བརྙན་དབྱེ་ཞིབ་བྱས་པ་ལྟར་ན་ཡོམ་ལྟེའི་ཉེ་འགྲམ་གྱི་རྒྱུག་ཆུར་འཁྱིལ་མཚོ་དང་ཆུ་རགས་ཤོར་བ་སོགས་ཀྱི་ཉེན་ཁའི་གནས་ཚུལ་ཐོན་མེད། ཀྲུང་གོ་གནམ་གཤིས་ཅུས་ཀྱིས་ས་ཡོམ་གནོད་འཚེའི་གནམ་གཤིས་ཞབས་ཞུའི་འཕྲལ་སྡོམ་རིམ་པ་གསུམ་པ་རིམ་པ་གཉིས་པར་སྤར་ནས་གནོད་འཚེ་ཕོག་པའི་མང་ཚོགས་ལ་གྲང་འགོག་དྲོད་སྲུང་དང་རླུང་འགོག་ཐད་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད།

    ལས་བྱེད་པ་དང་མང་ཚོགས་ཀྱིས་སེམས་ནུས་གཅིག་སྒྲིལ་དང་ཕྱར་བ་གྲུ་འདེགས་བྱས་ནས་དཀའ་ངལ་ཁྱད་དུ་བསད་པ།

    ས་ཡོམ་བརྒྱབ་རྗེས། བོད་རང་སྐྱོང་ལྗོངས་འཕྲལ་སྡོམ་བཀོད་འདོམས་པུས་ས་ཡོམ་གྱི་འཕྲལ་སྡོམ་དང་ལེན་རིམ་པ་དང་པོར་སྤར་བ་རེད། བོད་རང་སྐྱོང་ལྗོངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་ལས་དོན་ཚོགས་ཆུང་གི་སྣེ་ཁྲིད་དེ་ཡོམ་ལྟེའི་གེགས་ཁུལ་དུ་བསྐྱོད་ནས་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་རོགས་སྐྱོབ་བྱས་པ་རེད། གེགས་ཁུལ་གྱི་ཏང་ཡོན་ལས་བྱེད་པས་འཐབ་ས་མདུན་མར་སྐྱོད་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱིས་སེམས་ནུས་གཅིག་ཏུ་སྒྲིལ་བ། ནུས་ཤུགས་ཡོད་རྒུས་འཕྲལ་སྡོམ་རོགས་སྐྱོབ་ལས་དོན་ལེགས་པར་སྒྲུབ་པ། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་ཡག་པོ་བཅས་བྱས་ནས། གནས་སྤོ་བཀོད་སྒྲིག་བྱས་པའི་མང་ཚོགས་ལ་སྲིང་བལ་གྱོན་ཆས་གྱོན་རྒྱུ་ཡོད་པ་དང་། ཁ་ལག་ཚ་པོ་ཟ་རྒྱུ་ཡོད་པ། ཆུ་གཙང་མ་འཐུང་རྒྱུ་ཡོད་པ། བདེ་འཇགས་དང་དྲོ་སོབ་སོབ་ཀྱི་གནས་སྐབས་སྡོད་གནས་ཡོད་པ་བཅས་འགན་ལེན་བྱས་ཡོད།

    བོད་རང་སྐྱོང་ལྗོངས་ཀྱིས་རིམ་པ་ཁག་གི་འཕྲལ་སྡོམ་རོགས་སྐྱོབ་དང་། མེ་ཟོན་རོགས་སྐྱོབ། ནགས་ཚལ་མེ་ཟོན། སྤྱི་བདེའི་ལས་བྱེད་ཉེན་རྟོག དེ་བཞིན་སྤྱི་ཚོགས་ཀྱི་འཕྲལ་སྡོམ་རོགས་སྐྱོབ་མི་སྣ་བཅས་མི་ཁྲི་1.2ལྷག་ཙམ་བསྐོངས་ཏེ་ནུས་ཤུགས་ཡོད་རྒུས་མི་སྣ་འཚོལ་སྐྱོབ་ལས་དོན་སྤེལ་བར། ཉེན་གྱར་མང་ཚོགས་407བསྐྱབས་པ་དང་། གནས་སྤོ་བཀོད་སྒྲིག་བྱ་ཡུལ་14བཙུགས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཁྲི་3.04ལྷག་ཙམ་གནས་སྤོ་བཀོད་སྒྲིག་བྱས་པ་རེད། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱིས་སྨན་བཅོས་རོགས་སྐྱོབ་དཔུང་ཁག་ཁྱོན་24དང་། རོགས་སྐྱོབ་མི་སྣ་568མྱུར་སྐྱོབ་རླངས་འཁོར་106བཅས་མངགས་ནས་སྐྱེལ་འདྲེན་དང་སྐྱོབ་བཅོས་ཀྱི་ལས་དོན་སྤེལ་ཏེ་རྨས་མ་ཚང་མ་སྨན་ཁང་དུ་ཉར་ནས་སྨན་བཅོས་བྱས་ཡོད། གེགས་ཁུལ་དུ་འཕྲལ་མཁོའི་སྲིང་བལ་གུར་དང་། སྲིང་བལ་གྱོན་ཆས(གྲང་འགོག་གྱོན་ཆས)དྲོད་ལེན་ཡོ་ཆས་སོགས་མཁོ་ཆས་ཁྱོན་ཁྲི་17ལྷག་ཙམ་ཛ་དྲག་ངང་གེགས་ཁུལ་དུ་བསྐྱལ་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད།

    མིག་སྔར། དིང་རི་རྫོང་མཚོ་སྒང་ཤང་དང་། གྲམ་སོ་ཤང་། ཆུ་ལྷོ་ཤང་བཅས་ཀྱི་སྒུལ་བདེའི་བརྡ་རྟགས་ཚང་མ་མྱུར་བཟོ་ཤར་གཏོང་ཐུབ་པ་དང་། དིང་རི་རྫོང་གི་རྫོང་གྲོང་དང་དེ་བཞིན་ཤེལ་དཀར་གྲོང་རྡལ་དང་། སྒང་དཀར་གྲོང་རྡལ། རྒྱ་མཚོ་ཤང་། རོང་ཤར་ཤང་། གད་དམར་ཤང་བཅས་ལ་གློག་སླར་གསོ་ཐུབ་པ། དིང་རི་ཐང་ཆེན་དང་གྲམ་སོ་ཤང་སོགས་གནས་སྤོ་ས་ཚིགས་དྲུག་གི་གློག་གཏོང་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།

    བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་སྨན་དོན་མི་སྣ་43གེགས་ཁུལ་དུ་མངགས་པ་དང་། གེགས་ཁུལ་གྱི་འབྲེལ་ཡོད་སྨན་ཁང་དུ་རྨས་མ་སྐྱོབ་བཅོས་ཀྱི་ཐོགས་མེད་བགྲོད་ལམ་ཤར་གཏོང་ཟིན་པ། ནད་ཁྲི་འདང་ངེས་ཡོད་པ། རྨས་མ་རོགས་སྐྱོབ་དང་། སྨན་བཅོས་སྐྱོབ་བཅོས། དེ་བཞིན་སྤྱི་པའི་འཕྲོད་བསྟེན་སོགས་ཀྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་གིས་མངགས་པའི་རིགས་གཅིག་མཁས་ཅན་50དང་རོགས་སྐྱོབ་རླངས་འཁོར་12ལས་གྲུབ་པའི་རོགས་སྐྱོབ་རུ་ཁག་གེགས་ཁུལ་དུ་བསྐྱོད་དེ་སྟོབས་ཤུགས་ཡོད་རྒུ་རྩལ་སྤྲུགས་ཀྱིས་མྱུར་སྐྱོབ་ལས་དོན་ཡག་པོ་སྒྲུབ་བཞིན་ཡོད།

    ཕྱོགས་གཅིག་ལ་དཀའ་ངལ་འཕྲད་ཚེ་ཕྱོགས་བཞི་མཚམས་བརྒྱད་ཀྱིས་རོགས་སྐྱོར་བྱས་ནས་གེགས་སེལ་གྱི་འཐབ་ས་དང་པོར་དྲོ་སྐྱིད་ཚོར་བར་བྱས་པ།

    ཕྱོགས་གཅིག་ལ་དཀའ་ངལ་འཕྲད་ཚེ་ཕྱོགས་བཞི་མཚམས་བརྒྱད་ཀྱིས་རོགས་སྐྱོར་བྱེད། ས་ཡོམ་གྱི་གནོད་འཚེའི་གནས་ཚུལ་ལ་རྒྱལ་ཡོངས་མི་དམངས་ཀྱིས་གདུང་སེམས་མཉམ་སྐྱེས་བྱེད་བཞིན་ཡོད། རྒྱལ་ཡོངས་ས་གནས་ཁག་གི་ཕྱོགས་མང་པོའི་སྟོབས་ཤུགས་ཀྱིས་རང་འགུལ་ངང་རོགས་སྐྱོར་བྱས་ཏེ་མྱུར་དུ་གེགས་སེལ་གྱི་འཐབ་ས་དང་པོར་བསྐྱོད་ནས་གནོད་འཚེ་ཕོག་པའི་མང་ཚོགས་དཀའ་ངལ་ལས་སྒྲོལ་རོགས་བྱས་པ་རེད།

    སི་ཁྲོན་ཞིང་ཆེན་ས་ཡོམ་ཅུས་ཀྱིས་བོད་ལྗོངས་ཉིང་ཁྲི་རུ་ལས་ཀ་བྱེད་བཞིན་པའི་རིགས་གཅིག་མཁས་ཅན་གསུམ་རོགས་སྐྱོར་སྟོབས་ཤུགས་ཁག་དང་པོར་བྱས་ནས་འཕྲལ་དུ་གནོད་འཚེ་ཕོག་ཁུལ་གཙོ་བོར་མངགས་པ་དང་ཆབས་ཅིག རིགས་གཅིག་མཁས་ཅན་8རོགས་སྐྱོར་སྟོབས་ཤུགས་ཁག་གཉིས་པ་བྱས་ཏེ། ཉིན་དེ་རང་དུ་གནམ་གྲུ་བསྡད་ནས་བོད་དུ་བཏང་སྟེ་ས་ཡོམ་འཕྲལ་སྡོམ་ཐག་གཅོད་ལས་དོན་ལ་རྒྱབ་སྐྱོར་བྱས་ཡོད།

    འཕྲལ་སྡོམ་དོ་དམ་པུའི་རང་བྱུང་གནོད་འཚེ་ལས་གྲྭ་རོགས་སྐྱོབ་ཁྲེང་ཏུའུ་རྟེན་གཞིས(ཀྲུང་གོ་ཨན་ནེང་ཁྲེང་ཏུའུ་རྟེན་གཞི)ཆེད་ལས་རོགས་སྐྱོབ་པ་མི་ཐེངས་50ཛ་དྲག་ངང་སྐོང་འཐེན་བྱས་ཏེ་ཚེ་སྲོག་རྟོག་ཞིབ་ཡོ་བྱད་དང་། སྐུལ་འོད་གནས་སྤོ་ལེ་ཏ། འཁྱེར་བདེའི་མི་མེད་གནམ་གྲུ་སོགས་ཀྱི་རོགས་སྐྱོབ་བཤེར་འཚོལ་སྒྲིག་ཆས་ཁྱེར་ནས། གནམ་གྲུ་དང་མེ་འཁོར་སོགས་བསྡད་དེ་འཕྲལ་མར་གེགས་ཁུལ་དུ་བསྐྱོད་པ་རེད།

    རོགས་སྐྱོབ་པ་མྱུར་དུ་འཛོམས་པ་དང་རྒུད་སྐྱོབ་དངོས་ཟོག་མཚན་འགྲུལ་གྱིས་སྐྱེལ་འདྲེན་བྱས་ཤིང་། ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་སྤྱི་ཁྱབ་ཚོགས་པས་འཕྲལ་སྡོམ་དང་ལེན་བྱེད་འགོ་བཙུགས་ནས་སྲིང་བལ་གུར་དང་། སྲིང་བལ་ཉལ་ཆས། དྲོད་སྲུང་སྟོད་གོས། ལྟེབ་ཁྲི་སོགས་རྒུད་སྐྱོབ་དངོས་རྫས་ཁག(ཆ་ཚང)4600ཛ་དྲག་ངང་སྐོང་འཐེན་བྱས་ནས་གེགས་ཁུལ་མང་ཚོགས་ཀྱི་གནས་སྤོ་བཀོད་སྒྲིག་དང་འཚོ་བ་འགན་སྲུང་ལས་ཀར་རྒྱབ་སྐྱོར་བྱེད་པ་དང་ཆབས་ཅིག ལས་དོན་ཚོགས་ཆུང་དང་རོགས་སྐྱོབ་རུ་མི་ཡོམ་ཁུལ་དུ་རོགས་སྐྱོབ་རོགས་སྐྱོར་ལ་བཏང་ཡོད། ཨའོ་མོན་རྒྱ་གྲམ་དམར་པོ་ཚོགས་པས་རྒུད་སྐྱོབ་ཐེབས་རྩ་ནས་མི་དམངས་ཤོག་སྒོར་ཁྲི་20བོད་ཀྱི་གེགས་ཁུལ་དུ་བཏང་ནས་འཕྲལ་སྡོམ་རོགས་སྐྱོབ་ལས་དོན་ལ་རྒྱབ་སྐྱོར་བྱས་པ་རེད།

    རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་ཀྲུང་གོ་ལོ་ཆུང་བྱིས་པ་ཐེབས་རྩ་ལྷན་ཚོགས་དང་ཀྲུང་གོ་བུད་མེད་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་སྒོར་ཁྲི་1374.9རི་བའི་དངུལ་དང་དངོས་ཟོག་ཛ་དྲག་ངང་གྲབས་གསོག་བྱས་ཏེ། གེགས་ཁུལ་གྱི་བུད་མེད་དང་བྱིས་པ་སོགས་ཁྱིམ་ཚང་དྲོ་སོབ་སོབ་ངང་དགུན་སྒྲོལ་ཐུབ་པར་རྒྱབ་སྐྱོར་བྱས་པ་རེད།

    ཀྲུང་དབྱང་ཁེ་ལས་ཀྱིས་མགྱོགས་མྱུར་དང་ལེན་ཞུས་པ་དང་འཕྲལ་སྡོམ་སྔོན་ཇུས་ལག་ལེན་བསྟར་ཏེ་གེགས་ཁུལ་གྱི་མང་ཚོགས་དྲོ་སོབ་སོབ་ངང་དགུན་སྒྲོལ་ཐུབ་པའི་འགན་ལེན་བྱས་ཡོད། ཀྲུང་གོ་རྡོ་སྣུམ་ཚོགས་པས་ལམ་རྒྱུད་ཀྱི་སྣུམ་སྣོན་ས་ཚིགས་སུ་མངོན་གསལ་དོད་པའི་མཚོན་རྟགས་བཙུགས་ནས་ཆེད་སྤྱོད་ལྗང་མདོག་བགྲོད་ལམ་བཏོད་དེ་སྔོན་ལ་ཉེན་སེལ་རྒུད་སྐྱོབ་རླངས་འཁོར་ལ་སྣུམ་བླུགས་པ་དང་། ལམ་རྒྱུད་དང་དེ་བཞིན་ཡོམ་ཁུལ་གྱི་སྣུམ་སྣོན་ས་ཚིགས་སུ་སྣུམ་འདང་ངེས་དང་མཁོ་སྤྲོད་བརྟན་པོ་ཐུབ་པའི་འགན་ལེན་བྱས་ཡོད། རྒྱལ་ཁབ་གློག་དྲས་འཕྲལ་སྡོམ་དཔུང་ཁག་6དང་། མི་141 མྱུར་བཟོ་རླངས་འཁོར་40 འཕྲལ་སྡོམ་གློག་འགན་ལེན་སྒྲིག་ཆས་17བཅས་ས་གནས་ས་ཐོག་ཏུ་གློག་ཤུགས་འཕྲལ་སྡོམ་ཉེན་སེལ་ལས་དོན་སྤེལ་བར་བཏང་ཡོད། ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཀུང་སིས་རིམ་རྩིས་བརྒྱབ་ན་འགན་ལེན་པ་57མངགས་ནས་ཞབས་འདེགས་ཞུ་མཚམས་བཞག་པའི་སྦྲེལ་ཚུགས་113ཤར་གཏོང་ཐུབ་པ་དང་། དེ་བྱིངས་ཀྱི་སྦྲེལ་ཚུགས་ནུས་ཤུགས་ཡོད་རྒུས་མྱུར་བཟོ་བྱེད་བཞིན་ཡོད། ཀྲུང་གོ་འགྲིམ་འགྲུལ་ཚོགས་པའི་ཁོངས་གཏོགས་ཀྱི་དང་བླངས་ཞབས་ཞུ་རུ་ཁག་གིས་འཕྲལ་སྡོམ་རྒུད་སྐྱོབ་དངོས་ཟོག་ཉོ་སྒྲུབ་བྱས་ནས། ཆེད་གཏོང་རླངས་འཁོར་གྱིས་གེགས་སེལ་འདུ་འཛོམས་ཁུལ་དུ་བསྐྱལ་བ་དང་ཆབས་ཅིག གྲང་འགོག་དངོས་ཟོག་གྲབས་གསོག་བྱས་ནས་མང་ཚོགས་དྲོ་སོབ་སོབ་ངང་དགུན་སྒྲོལ་ཐུབ་པར་རོགས་རམ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།