གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་རྗེས་ཉེན་སེལ་རོགས་སྐྱོབ་ལས་དོན་འཕྲལ་དུ་སྤེལ་བ།
གནོད་འཚེ་ཕོག་པའི་མང་ཚོགས་ཁྲི་3.04ལྷག་ཙམ་གནས་སྤོ་བཀོད་སྒྲིག་བྱས་པ།
2025ལོའི་ཟླ་1ཚེས་7ཉིན་གྱི་ཆུ་ཚོད་9དང་སྐར་མ་5ལ། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པ་དང་ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ་10ཟིན་ཡོད་པ་རེད།
ད་ཐེངས་ས་ཡོམ་གྱིས་ཤུགས་རྐྱེན་ཐེབས་པའི་ཤང་དང་གྲོང་རྡལ་གྱི་གྲས་སུ་དིང་རི་རྫོང་གི་མཚོ་སྒང་ཤང་དང་། ཆུ་ལྷོ་ཤང་། གྲམ་སོ་ཤང་། ཉི་ཤར་ཤང་། རྒྱ་མཚོ་ཤང་། ཤེལ་དཀར་གྲོང་རྡལ་བཅས་དང་། གཏིང་སྐྱེས་རྫོང་གི་ཀོ་ལྕག་ཤང་དང་རྒྱལ་མཁར་གྲོང་རྡལ། ས་སྐྱ་རྫོང་གི་གཤོང་མ་ཤང་། ལྷ་རྩེ་རྫོང་གི་ཆུ་ཤར་གྲོང་རྡལ་དང་། གྲའུ་ཤང་། མང་ཕུ་ཤང་། གཞིས་ཆེན་ཤང་། ལྷ་རྩེ་གྲོང་རྡལ་བཅས་ཚུད་ཡོད་པ་རེད།
ཟླ་1ཚེས་7ཉིན་གྱི་ཆུ་ཚོད་19བར་ས་ཡོམ་ནང་མི་126རྐྱེན་ལམ་དུ་ཤོར་བ་དང་། ཁང་པ་3609ལོག་པ། མི་188ལ་ཚད་གཞི་མི་འདྲ་བའི་རྨས་སྐྱོན་ཕོག་པའི་ནང་རྨས་མ་ཚབས་ཆེན་28གྲོང་ཁྱེར་མི་དམངས་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་པ་རེད།
ས་ཡོམ་བརྒྱབ་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་འབྲེལ་མཛུབ་སྟོན་གལ་ཆེན་ཡང་གནང་བ་དང་།ཙུང་ལི་ལི་ཆང་གིས་མཆན་འགོད་མཛུབ་སྟོན་གནང་བ། ཙུང་ལི་གཞོན་པ་ཀྲང་གོ་ཆིང་གིས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གྱི་སྣེ་ཁྲིད་དེ་ས་ཡུལ་དངོས་སུ་རོགས་སྐྱོབ་བཀོད་སྒྲིག་ལས་དོན་ལ་མཛུབ་ཁྲིད་གནང་བར་ཕེབས་པ་རེད། རང་སྐྱོང་ལྗོངས་ཀྱིས་འཕྲལ་དུ་ས་ཡོམ་གྱི་འཕྲལ་སྡོམ་རིམ་པ་གཉིས་པ་བྱེད་འགོ་བཙུགས་པ་དང་། མིག་སྔར་ས་ཡོམ་གྱི་འཕྲལ་སྡོམ་རིམ་པ་དང་པོར་སྤར་བ་རེད། རང་སྐྱོང་ལྗོངས་དང་དེ་བཞིན་གཞིས་རྩེ་གྲོང་ཁྱེར་གྱི་འགོ་ཁྲིད་གཙོ་བོ་འཕྲལ་མར་ཡོམ་ལྟེར་ཕེབས་ནས་ཡུལ་དངོས་ཀྱི་རོགས་སྐྱོབ་ལས་དོན་ལ་བཀོད་འདོམས་གནང་བ་རེད། གཞིས་རྩེ་གྲོང་ཁྱེར་གྱིས་འཕྲལ་མར་ཡོམ་འགོག་གེགས་སེལ་གྱི་འཕྲལ་སྡོམ་རིམ་པ་དང་པོ་བྱེད་འགོ་བཙུགས་ནས་ལས་དོན་ཚོགས་ཆུང་མངགས་ཏེ་ཡོམ་ལྟེར་གེགས་སེལ་ལས་དོན་སྤེལ་བཞིན་ཡོད་པ་རེད།
ཚེས་7ཉིན་གྱི་ཆུ་ཚོད་22བར་རིམ་ཁག་འཕྲལ་སྡོམ་རོགས་སྐྱོབ་དང་། མེ་ཟོན་རོགས་སྐྱོབ། ནགས་ཚལ་མེ་ཟོན། སྤྱི་བདེ་དང་ལས་བྱེད་ཉེན་རྟོག་པ། དཔུང་སྡེའི་དཔོན་དམག དེ་བཞིན་སྤྱི་ཚོགས་ཀྱི་འཕྲལ་སྡོམ་རོགས་སྐྱོབ་མི་སྣ་བཅས་མི་ཁྲི་1.2ལྷག་ཙམ་བསྐོངས་ཏེ་ནུས་ཤུགས་ཡོད་རྒུས་མི་སྣ་འཚོལ་སྐྱོབ་ལས་དོན་སྤེལ་བཞིན་ཡོད་ཅིང་། ཉེན་ཁར་གྱར་བའི་མང་ཚོགས་407བསྐྱབས་པ་དང་། གནས་སྤོ་བཀོད་སྒྲིག་བྱ་ཡུལ་14བཙུགས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཁྲི་3.04ལྷག་ཙམ་གནས་སྤོ་བཀོད་སྒྲིག་བྱས་པ་རེད། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱིས་སྨན་བཅོས་རོགས་སྐྱོབ་དཔུང་ཁག་ཁྱོན་24ཡི་མི་568དང་། མྱུར་སྐྱོབ་རླངས་འཁོར་106མངགས་ནས་སྐྱེལ་འདྲེན་སྐྱོབ་བཅོས་ལས་དོན་སྤེལ་བཞིན་ཡོད་པ་དང་རྨས་མ་ཚང་མ་སྨན་ཁང་དུ་ཉར་ནས་སྨན་བཅོས་བྱེད་བཞིན་ཡོད་པ་རེད། མ་ཟད་གེགས་ཁུལ་དུ་འཕྲལ་མཁོའི་གུར་དང་། ལྟེབ་ཁྲི། ཉལ་ཁྲི། སྲིང་བལ་ཕོ་ཁེབས། ཀམ་པ་ལི། གྲང་འགོག་ལྭ་རིང་། སྲིང་བལ་ལྷམ། དྲོད་ལེན་ཡོ་ཆས། གློག་འདོན་འཕྲུལ་འཁོར། མེ་ཐབ། འཕྲལ་སྡོམ་གློག་སྒྲོན། དེ་བཞིན་གཏེར་ཆུ་དང་སྟབས་བདེའི་ཐུག་པ་སོགས་དགོས་ངེས་དངོས་ཟོག་ཁྱོན་དོ་པོ་ཁྲི་17ལྷག་ཙམ་གེགས་ཁུལ་དུ་བསྐྱལ་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་བཞིན་ཡོད་པ་རེད། མིག་སྔའི་བར་ས་ཡོམ་བརྒྱབ་ནས་ལུག་པའི་ལམ་ཚང་མ་ཤར་གཏོང་ཐུབ་ཡོད་པ་རེད།
མིག་སྔར། ཉེན་སེལ་རོགས་སྐྱོབ་ལས་དོན་ཁག་ཛ་དྲག་ངང་སྤེལ་བཞིན་ཡོད་ཅིང་། ཡོམ་ཁུལ་གྱི་མངོན་མེད་རྐྱེན་ངན་ཞིབ་བཤེར་དང་། མང་ཚོགས་ཉེན་གཡོལ་བཀོད་སྒྲིག གཏོར་སྐྱོན་ཕོག་པའི་སྒྲིག་བཀོད་ཉམས་གསོ་བཅས་ཀྱི་ལས་དོན་ཁྱོན་ཡོངས་ནས་སྤེལ་བཞིན་ཡོད་པ་རེད།