གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ཡོམ་འགོག་གེགས་སེལ་གྱི་འཐབ་ས་མདུན་མའི་ཉིན་དང་པོའི་མཐོང་ཐོས།
གནོད་འཚེ་ཕོག་པའི་མང་ཚོགས་ལ་ཁ་ལག་ཚ་པོ་ཟ་རྒྱུ་ཡོད་པ་དང་དྲོ་སོབ་སོབ་ཀྱི་གུར་ནང་སྡོད་རྒྱུ་བྱུང་བ།
འདི་ནི་དིང་རི་རྫོང་གྲམ་སོ་ཤང་རྩྭ་གྲོང་ཚོའི་བཀོད་སྒྲིག་ས་ཚིགས་སུ་གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གི་གནས་སྤོས་ཡུལ་མིའི་ཉེན་རྟོག་པས་རོགས་སྐྱོབ་བྱེད་བཞིན་པ།
འདི་ནི་ལྷ་རྩེ་རྫོང་ཆུ་ཤར་གྲོང་རྡལ་དོན་གླིང་གྲོང་ཚོའི་བཀོད་སྒྲིག་ས་ཚིགས་ཀྱི་གུར་ནང་གནོད་འཚེ་ཕོག་པའི་མང་ཚོགས་ཀྱིས་ཁ་ལག་བཟོ་བཞིན་པ།
འདི་ནི་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་གཞིས་རྩེ་གློག་འདོན་ཀུང་སིའི་ལས་དོན་པས་གློག་ཤུགས་ཤར་གཏོང་འགན་ལེན་གྱི་ལས་ཀ་བྱེད་བཞིན་པ།
ཟླ་1ཚེས་7ཉིན་གྱི་ཆུ་ཚོད་9དང་སྐར་མ་5ཙམ་ལ་་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་མཚོ་སྒང་ཤང་གི་ཉེ་འཁོར་དུ་ས་ཡོམ་རིམ་པ་6.8བརྒྱབ་པ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་ལ་སྤྱི་ལེ་10ཟིན་ཡོད་པ་རེད།
ས་ཡོམ་བརྒྱབ་རྗེས་འཕྲལ་སྡོམ་རོགས་སྐྱོབ་དང་། མེ་ཟོན། སྤྱི་བདེ། དཔུང་སྡེའི་དཔོན་དམག་བཅས་དང་། དེ་བཞིན་སྤྱི་ཚོགས་ཀྱི་འཕྲལ་སྡོམ་རོགས་སྐྱོབ་མི་སྣ་གནོད་འཚེ་ཕོག་ཁུལ་ཏུ་བསྐྱོད་ནས་ནུས་ཤུགས་ཡོད་རྒུས་མི་སྣ་འཚོལ་སྐྱོབ་བྱས་པ་རེད། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱིས་སྨན་བཅོས་རོགས་སྐྱོབ་དཔུང་ཁག་དང་མྱུར་སྐྱོབ་རླངས་འཁོར་མངགས་ནས་རྨས་མ་བརྒྱུད་སྐྱེལ་སྐྱོབ་བཅོས་ལས་དོན་སྤེལ་བ་རེད། གཏེར་ཆུ་དང་། སྟབས་བདེའི་ཐུག་པ། གྲང་འགོག་ལྭ་རིང་། དྲོད་སྲུང་ལྷམ། མལ་ཆས། ཉལ་ཁྲི། གུར་སོགས་རོགས་སྐྱོབ་དངོས་ཟོག་ཁག་ཐེངས་མང་པོ་གེགས་ཁུལ་དུ་དབོར་བཞིན་ཡོད་པ་རེད།
དིང་རི་རྫོང་གྲམ་སོ་ཤང་རྩྭ་གྲོང་ཚོར་གསར་འགོད་པས་མཐོང་གསལ། ཁང་པ་ཁག་གཅིག་བརྡིབས་ནས་ཡུལ་མི་ཚོ་བལྟོས་བཅས་རྒྱ་ཆེ་བའི་ས་ཆར་ཁ་འགྲེམས་བྱས་པ་དང་། འཕྲལ་སྡོམ་རོགས་སྐྱོབ་རླངས་འཁོར་དང་མྱུར་སྐྱོབ་རླངས་འཁོར་གནོད་འཚེ་ཐོན་ཡུལ་དུ་འབྱོར་ནས་རོགས་སྐྱོབ་ལས་དོན་སྤེལ་བཞིན་མཆིས།
“ས་ཡོམ་བརྒྱབ་རྗེས། ཕྱོགས་ཁག་གི་སྟོབས་ཤུགས་རོགས་སྐྱོབ་བྱེད་པར་ཡོང་བ་མ་ཟད། ད་དུང་ང་ཚོར་དངོས་ཟོག་ཀྱང་བསྐྱལ་བྱུང”ཞེས་གྲམ་སོ་ཤང་གི་སྨན་བཅོས་འགན་བཅོལ་ཆེད་བསྐོས་པ་སྐྱིད་ལྡན་གྱིས་གསར་འགོད་པར་བཤད་པ་དང་། ཁོང་གིས“ཞོགས་པའི་ཆུ་ཚོད་9པ་ལྷག་ཙམ་ལ་ཤང་གིས་ལས་བྱེད་པ་རྣམས་སྒྲིག་འཛུགས་བྱས་ཏེ་འཕྲལ་མར་གྲོང་ཚོ་ཁག་ཏུ་རོགས་སྐྱོབ་རུ་ཁག་ལ་མང་ཚོགས་ཁ་འགྲེམས་རོགས་དང་རྨས་སྐྱོན་ཕོག་པའི་གནས་ཚུལ་གྲལ་བཤེར་བྱེད་རོགས་ལ་བསྐྱོད་ཡོད། ང་རང་གནས་སའི་རྩྭ་གྲོང་ཚོར་རང་བྱུང་གྲོང་ཚོ་གཉིས་ཡོད་པ་དང་། མིག་སྔར་ཚང་མ་གྲལ་བཤེར་བྱས་ཚར་ནས་རྨས་སྐྱོན་ཕོག་པའི་མང་ཚོགས་འཕྲལ་དུ་སྐྱོབ་བཅོས་བྱེད་པར་བསྐྱལ་ཡོད”ཅེས་བཤད།
ཡུལ་མི་ལྷག་པ་ཚེ་རིང་གིས་སྐབས་དེའི་གནས་ཚུལ་ལ་ཕྱིར་དྲན་བྱེད་བཞིན“ཆུ་ཚོད་8ལྷག་ཙམ་ལ་ས་ཡོམ་ཆུང་ཆུང་ཞིག་བརྒྱབ་སོང་། སྐབས་དེ་དུས་ང་ཚོ་ཕྱིར་བྲོས་པ་དང་། དེ་རྗེས་མུ་མཐུད་ཕྱི་རོལ་དུ་བསྡད་པ་ཡིན། ཆུ་ཚོད་9ལྷག་ཙམ་ལ་ས་ཡོམ་བརྒྱབ་པས་ཁང་པ་ཚང་མ་བརྡིབས་སོང་། འོན་ཀྱང་སྟབས་ལེགས་པ་ཞིག་ལ་ནང་མི་ཚང་མར་སྐྱོན་ཆག་བྱུང་མེད”ཅེས་བཤད།
དིང་རི་རྫོང་གྲམ་སོ་ཤང་མགུ་རིང་གྲོང་ཚོར་ད་ཐེངས་ཀྱི་ས་ཡོམ་ཁྲོད་གནོད་འཚེ་ཅུང་ཚབས་ཆེན་ཕོག་ཡོད།
གནོད་འཚེ་ཕོག་ཁུལ་ནས་གསར་འགོད་པས་མཐོང་གསལ། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀུང་སིའི་ལས་དོན་པས་གློག་ཤིང་ཐོག་འཛེགས་ནས་གློག་སྐུད་མྱུར་བཟོ་བྱེད་བཞིན་ཡོད་པ་དང་། དཔུང་སྡེའི་དཔོན་དམག་ཚོས་གུར་རྒྱག་པ་དང་མང་ཚོགས་ལ་ཁ་ལག་བཟོ་བར་བྲེལ་བཞིན་མཆིས།
བོད་དམག་ཁུལ་ཁང་གི་ཐོན་ཤོག་ཅིག་གི་ཡིང་ཀྲང་སྐལ་བཟང་གིས“གནོད་འཚེའི་གནས་ཚུལ་གྱི་བཀའ་རྒྱ་འབྱོར་རྗེས། ང་ཚོ་འཕྲལ་མར་གྲམ་སོ་ཤང་མགུ་རིང་གྲོང་ཚོར་བསྐྱོད་ནས་མྱུར་སྐྱོབ་ལས་དོན་གང་མགྱོགས་སྤེལ་བ་ཡིན། མིག་སྔར་གནས་སྐབས་བཀོད་སྒྲིག་ས་ཚིགས་སུ་གུར་20བརྒྱབ་ཡོད། དེའི་ནང་ཁ་ལག་གྲ་སྒྲིག་བྱས་ཏེ་མང་ཚོགས་ལ་ཁ་ལག་ཚ་པོ་མཁོ་འདོན་གྱིས་ཁོང་ཚོ་ཁ་ལག་ཚ་པོ་དུས་ཐོག་ཏུ་ཟ་ཐུབ་པར་བྱས་ཡོད”ཅེས་བཤད།
རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་གཞིས་རྩེ་གློག་འདོན་ཀུང་སིའི་གྲོང་ཁུལ་མཁོ་འདོན་ཞབས་ཞུ་ལྟེ་གནས་ཀྱི་ལས་དོན་པ་བསོད་ཕུན་གྱིས“ང་ཚོའི་ལས་དོན་པ་དང་གློག་འགན་ལེན་འཁོར་རིགས་ཚང་མ་དུས་ཐོག་ཏུ་གེགས་ཁུལ་དུ་འབྱོར་ཡོད། མིག་སྔར་གློག་ཤུགས་སྒྲིག་བཀོད་མྱུར་བཟོ་བྱེད་བཞིན་ཡོད་པས། དེ་རིང་དགོང་མོ་གློག་མཁོ་འདོན་སླར་གསོ་ཐུབ་རྒྱུ་རེད”ཅེས་བཤད།
གྲམ་སོ་ཤང་མགུ་རིང་གྲོང་ཚོའི་ཡུལ་མི་དབང་རྒྱལ་གྱིས“ཞོགས་པའི་ཆུ་ཚོད་བརྒྱད་དང་ཕྱེད་ཀར་ས་ཡོམ་ཐེངས་དང་པོ་རྒྱག་སྐབས་གྲོང་ཚོའི་ལས་བྱེད་པས་ང་ཚོར་ཉེན་ཁ་ལས་གཡོལ་དགོས་པའི་བརྡ་ཐོ་བཏང་བྱུང་། དེ་ནས་དུས་ཡུན་རིང་པོ་མ་སོང་བར་སླར་ཡང་ས་ཡོམ་ཆེན་པོ་ཞིག་བརྒྱབ་སོང་། ང་ཚོའི་ཁྱིམ་ལ་ནང་མི་དགུ་ཡོད། བུ་ཆུང་བའི་དཔུང་པར་རྨས་སྐྱོན་ཅུང་ཙམ་ཕོག་པ་ལས། ནང་མི་གཞན་དག་ཚང་མར་རྨས་སྐྱོན་ཕོག་མེད། དེ་རྗེས་ང་ཚོ་མི་གཞན་ལ་རོགས་སྐྱོབ་བྱེད་པར་ཕྱིན་པ་ཡིན། ཡུན་རིང་མ་སོང་བར། རོགས་སྐྱོབ་མི་སྣ་འབྱོར་བ་མ་ཟད། བུ་ཆུང་བ་ཡང་རྫོང་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་བས་ང་ཚོའི་དངངས་སྐྲག་གི་སེམས་པ་གཞི་ནས་ལྷོད་ལ་བབས་སོང་། མི་མང་པོ་དེ་འདྲ་ང་ཚོར་རོགས་པ་བྱེད་པར་ཡོང་བ་མཐོང་སྐབས་དངོས་གནས་སེམས་འགུལ་ཆེན་པོ་ཐེབས་བྱུང་། ད་ལྟ། ང་ཚོར་ཁ་ལག་ཚ་པོ་ཟ་རྒྱུ་དང་ཆུ་ཚ་པོ་འཐུང་རྒྱུ་ཡོད་ལ། གུར་ནང་སྡོད་རྒྱུ་ཡང་བྱུང”ཞེས་བཤད།
གསར་འགོད་པས་རྩོམ་ཡིག་མ་སྤེལ་གོང་། གྲམ་སོ་ཤང་རྩྭ་གྲོང་ཚོ་དང་མགུ་རིང་གྲོང་ཚོའི་གནོད་འཚེ་ཕོག་པའི་མང་ཚོགས་མང་ཆེ་བ་བཀོད་སྒྲིག་འོས་འཚམ་བྱུང་ཞིང་། སྟབས་བདེའི་ཐུག་པ་དང་གཏེར་ཆུ་སོགས་འཕྲལ་སྡོམ་བཟའ་བཅའ་ཡང་དུས་ཐོག་ཏུ་གེགས་ཁུལ་མང་ཚོགས་ཀྱི་ལག་ཏུ་བསྐྱལ་ཡོད་པ་དང་། གྲམ་སོ་ཤང་ཟིང་དཀར་གྲོང་ཚོའི་བཀོད་སྒྲིག་ས་ཚིགས་ཀྱི་གུར་རྒྱག་པའི་ལས་དོན་ལེགས་གྲུབ་ཟིན་ཉེར་ཡོད་པ་མ་ཟད། ཡོམ་འགོག་གེགས་སེལ་གྱི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།