“ཀྲུང་གོའི་འཕེལ་རྒྱས་གསར་པས་འཛམ་གླིང་ལ་གོ་སྐབས་གསར་པ་རྒྱུན་ཆད་མེད་པར་བཏོད་པ”
ཨར་པ་ནི་ཡའི་གོ་ལ་ཧྲིལ་པོ་ཅན་ཞིབ་འཇུག་ཁང་གི་ལག་བསྟར་ཡོན་ཀྲང་མུའུ་ས་པེ་ལུའུ་ལ་བཅར་འདྲི་བྱས་པ།
ཉེ་ཆར། ཨར་པ་ནི་ཡའི་གོ་ལ་ཧྲིལ་པོ་ཅན་ཞིབ་འཇུག་ཁང་གི་ལག་བསྟར་ཡོན་ཀྲང་མར་སའེ་ལཱ·མུའུ་ས་པེ་ལུའུ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། “ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག ཀྲུང་གོའི་དཔལ་འབྱོར་དང་ཚན་རྩལ་གྱི་སྟོབས་ཤུགས་ཆེ་རུ་རྒྱུན་མཐུད་ཕྱིན་ནས། ཕྱོགས་བསྡུས་རྒྱལ་སྟོབས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད”ཅེས་བརྗོད་པ་དང་། ཁོང་གིས། “ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགྲོ་ལམ་གསར་པར་བདེ་བླག་ངང་བསྐྱོད་ཡོད་པས། ཀྲུང་གོའི་འཕེལ་རྒྱས་གསར་པས་འཛམ་གླིང་ལ་གོ་སྐབས་གསར་པ་རྒྱུན་ཆད་མེད་པར་བཏོད་ཡོད”ཅེས་བརྗོད།
མུའུ་ས་པེ་ལུའུ་ཡིས། “ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོས་རྒྱལ་སྤྱིའི་སྤྱི་ཚོགས་དང་། ལྷག་པར་དུ་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་འཕེལ་རྒྱས་དང་ཡར་རྒྱས་དོན་གཉེར་བྱེད་པར་ཉམས་མྱོང་དང་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད”ཅེས་བརྗོད་པ་དང་། ཁོང་གིས། ཀྲུང་གོས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་འཕེལ་རྒྱས་འགྲོ་ལམ་དུ་མ་བསྐྱོད་པར། རྒྱལ་བབ་ལ་གཞིགས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་གཏན་འཁེལ་བྱས་པས། གོ་ལ་ཧྲིལ་པོའི་དཔལ་འབྱོར་སྡེ་གཞི་ཆེ་གྲས་གཉིས་པར་རིམ་བཞིན་གྱུར་པ་དང་། ལོ་མང་བསྟུད་མར། འཛམ་གླིང་གི་དཔལ་འབྱོར་འཕར་བར་ཀྲུང་གོའི་ལེགས་སྐྱེས་ཕུལ་ཚད་30%ལྷག་ཙམ་ཟིན་ནས། འཛམ་གླིང་གི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་བརྗོད།
མུའུ་ས་པེ་ལུའུ་ཀྲུང་གོར་འཚམས་འདྲིར་ཐེངས་མང་ཡོང་མྱོང་ལ། ཧྥུའུ་ཅན་དང་ཞ་མོན་སོགས་སུ་སློབ་སྦྱོང་དང་འཚོ་བའང་བསྐྱལ་མྱོང་། ཀྲུང་གོའི་ལྗང་མདོག་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་ཁོང་ལ་བག་ཆགས་ཟབ་མོ་བཞག་ཡོད། ཁོང་གིས། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་བ་དང་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས། དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་ཀྱིས་མི་དམངས་ཡོངས་ལ་དེ་བས་མང་བ་དང་དེ་བས་དྲང་གཞག་གི་ཕན་པ་བཏགས་ཡོད་ཅེས་བརྗོད།
མུའུ་ས་པེ་ལུའུ་ཡིས། ཀྲུང་གོས་བཏོན་པའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་སོགས་གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁས་ལེན་དེ་བས་མང་བ་ཐོབ་ཡོད། “ཀྲུང་གོས་གོ་ལ་ཧྲིལ་པོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གཞོལ་བཞིན་ཡོད་པ་མ་ཟད། རྒྱལ་སྤྱིའི་སྒྲིག་གཞི་དང་། རྒྱལ་ཁབ་ཁག་གི་སྲིད་གཞུང་། དམངས་ཁྲོད་བཅས་ཀྱི་མཉམ་འགུལ་ལ་ཤུགས་སྣོན་རྒྱག་སའི་ལས་སྟེགས་བསྐྲུན་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་དོན་འཁྱོལ་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད་ལ། གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་ཡོང་བར་སྒུལ་ཤུགས་ཆེན་པོ་བསྣན་ཡོད། ཁོང་གིས། ཀྲུང་གོས་སྒོ་དབྱེའི་སྒོ་མོ་སྔར་བས་ཇེ་ཆེ་ནས་ཇེ་ཆེར་འབྱེད་ངེས་རེད་ལ། རྒྱལ་ཁབ་ཁག་གིས་ཀྲུང་གོ་དང་མཉམ་ལས་བྱེད་པའི་གོ་སྐབས་གསར་པ་ཡང་རྒྱུན་ཆད་མེད་པར་ཐོན་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བརྗོད།