དངོས་ཟོག་འགན་ལེན་དང་། འགྲིམ་འགྲུལ་འགན་ལེན། སྨན་བཅོས་འགན་ལེན། འཕྲིན་གཏོང་འགན་ལེན་སོགས་བྱས་པ།
ཕྱོགས་ཁག་གི་སྟོབས་ཤུགས་ས་ཡོམ་གེགས་ཁུལ་དུ་རོགས་སྐྱོར་བྱེད་པར་འཕྲལ་མར་བསྐྱོད་པ།
འདི་ནི་ཟླ་1ཚེས་7ཉིན་ལྷ་རྩེ་རྫོང་ཆུ་ཤར་གྲོང་རྡལ་དོན་གླིང་གྲོང་ཚོར་གནོད་འཚེ་ཕོག་པའི་མང་ཚོགས་འཕྲལ་སྡོམ་གུར་ནང་སྤོ་བཞིན་པ།
ཟླ་1ཚེས་7ཉིན་གྱི་ཆུ་ཚོད་14དང་སྐར་མ་49ཙམ་ལ། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་བརྒྱབ་རྗེས་ཀྱི་གནམ་གྲུ་དང་པོ་ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་གྱི་དུས་གཏན་གནམ་གྲུ་CA4431བདེ་འཇགས་ངང་གཞིས་རྩེའི་དིང་རི་གནམ་ཐང་དུ་འབྱོར་ཞིང་། མིག་སྔར་ལྷ་སའི་གོང་དཀར་རྒྱལ་སྤྱིའི་གནམ་ཐང་དང་། གཞིས་རྩེའི་དིང་རི་གནམ་ཐང་། གཞིས་རྩེའི་ཞི་བདེ་གནམ་ཐང་བཅས་ཀྱིས་འཕྲལ་སྡོམ་སྐྱེལ་འདྲེན་གྱི་གྲ་སྒྲིག་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་ཟིན་ཞིང་། འདི་ནི་ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་གྱི་དུས་གཏན་གནམ་གྲུ་CA4431དིང་རི་གནམ་ཐང་དུ་བབས་ནས་གེགས་སེལ་ལས་འགན་སྒྲུབ་བཞིན་པ།
2025ལོའི་ཟླ་1ཚེས་7ཉིན་གྱི་ཆུ་ཚོད་9དང་སྐར་མ་5ཙམ་ལ། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པ་དང་ཡོམ་ཁུངས་ཀྱི་གཏིང་ཚད་ལ་སྤྱི་ལེ་10ཟིན་ནས་གནོད་འཚེ་ཚབས་ཆེན་ཕོག་ཡོད། ས་ཡོམ་བརྒྱབ་རྗེས་ལྗོངས་ཕྱི་ནང་གི་ཕྱོགས་ཁག་གི་སྟོབས་ཤུགས་ཀྱིས་འཕྲལ་མར་བྱ་སྤྱོད་སྤེལ་ཏེ། རོགས་སྐྱོབ་དངོས་ཟོག་དང་མི་སྣ་དེ་མ་ཉིད་དུ་སྒྲིག་འཛུགས་བྱས་ནས་གནོད་འཚེ་ཕོག་ཁུལ་ལ་རོགས་སྐྱོར་བྱེད་པར་བསྐྱོད་དང་སྐྱོད་བཞིན་ཡོད།
རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་མ་དངུལ་གཏོང་སྤྲོད་ཀྱི“ཐོགས་མེད་བགྲོད་ལམ”སྤྱོད་འགོ་བཙུགས་ཏེ། འཕྲལ་མར་གཞིས་རྩེ་གྲོང་ཁྱེར་ལ་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་དངུལ(བོད་ཀྱི་ས་ཡོམ་གནོད་འཚེའི་གེགས་སེལ་ཁ་གསབ་རོགས་དངུལ)སྒོར་ཁྲི་10000བཏང་བའི་ཐོག་རང་སྐྱོང་ལྗོངས་ཀྱིས་སྔ་འདོན་བྱས་པའི་སྒོར་ཁྲི་3000བསྣན་ན། ཟླ་1ཚེས་7ཉིན་གྱི་ཆུ་ཚོད་17བར་དུ་རིམ་རྩིས་བརྒྱབ་ན་ཁྱོན་སྒོར་ཁྲི་13000བཏང་སྟེ། གནོད་འཚེ་ཕོག་པའི་ས་ཁུལ་གྱིས་མི་སྣ་འཚོལ་སྐྱོབ་དང་། གནས་སྤོ། བཀོད་སྒྲིག ཉེན་ཁ་གྲལ་བཤེར་དང་འགོག་སེལ་སོགས་ལ་རྒྱབ་སྐྱོར་དང་དེ་བཞིན་ཞོར་ཐོན་གནོད་འཚེ་དང་མངོན་མེད་རྐྱེན་ངན་ཞིབ་བཤེར་དང་། འཕྲལ་སྡོམ་བཅོས་སྒྲིག རྡིབ་ལོག་བྱུང་བའི་མི་སེར་གྱི་ཁང་པ་ཉམས་གསོ་སོགས་ཀྱི་ལས་དོན་སྤེལ་བར་རྒྱབ་སྐྱོར་བྱེད་རྒྱུ་རེད།
རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་དང་རང་སྐྱོང་ལྗོངས་གཞུང་ལམ་བྱ་གཞག་འཕེལ་རྒྱས་དང་འཕྲལ་སྡོམ་འགན་སྲུང་ལྟེ་གནས་ཀྱིས་འཕྲལ་མར་བཀོད་གཏོང་བཀོད་སྒྲིག་བྱས་པ་དང་། གཞིས་རྩེའི་གཞུང་ལམ་བྱ་གཞག་འཕེལ་རྒྱས་དང་འཕྲལ་སྡོམ་འགན་སྲུང་ལྟེ་གནས་ཀྱི་ཁོངས་མི་ཚང་མས་འབྲེལ་ཡོད་ས་ཁོངས་ཀྱི་གཞུང་ལམ་སྒྲིག་བཀོད་ལ་གནོད་སྐྱོན་ཕོག་ཚུལ་ལ་ཞིབ་བཤེར་ནན་ཏན་བྱེད་པར་བསྐྱོད་པ་རེད།
རྒྱལ་ཁབ་ས་ཁོངས་རང་བཞིན་གྱི་གཞུང་ལམ་འགྲིམ་འགྲུལ་འཕྲལ་སྡོམ་སྒྲིག་ཆས་དང་དངོས་ཟོག་ལྷ་ས་གསོག་འཇོག་ལྟེ་གནས་ཀྱིས་འཕྲལ་སྡོམ་འཕྲིན་གཏོང་བཀོད་འདོམས་རླངས་འཁོར་དང་འཕྲལ་སྡོམ་གློག་ཁུངས་རླངས་འཁོར་ཚུད་པའི་རྒྱབ་ཕྱོགས་མཁོ་སྒྲུབ་སྒྲིག་ཆས་རླངས་འཁོར་4ས་གནས་ས་ཐོག་ཏུ་ཉེན་ཁ་མྱུར་སེལ་དང་ཤར་གཏོང་འགན་ལེན་གྱི་འབྲེལ་ཡོད་འགན་ལེན་ལས་དོན་སྒྲུབ་པར་བཏང་བ་རེད།
བོད་དམག་ཁུལ་སྤྱི་ཁྱབ་སྨན་ཁང་དང་། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་། ཧྥུའུ་ཁང་སྨན་ཁང་བཅས་ཀྱིས་ཆེད་ལས་མི་སྣ་དང་སྒྲིག་ཆས་སྒྲིག་འཛུགས་བྱས་ནས་གནོད་འཚེ་ཕོག་ཁུལ་དུ་རོགས་སྐྱོབ་བྱེད་པར་མངགས་པ་རེད།
བོད་ཀྱི་དཔུང་སྡེ་ཞིག་གིས་འཕྲལ་མར་འཕྲལ་སྡོམ་སྔོན་ཇུས་ལག་བསྟར་བྱས་ནས་ཁྲག་འབུལ་བྱེད་སྒོ་སྤེལ་རྒྱུའི་གྲོས་འགོ་བཏོན་ཞིང་། དཔོན་དམག་200ལྷག་ཙམ་གྱིས་ཁྲག་འབུལ་དཔུང་ཁག་ནང་ཧུར་ཐག་ཞུགས་ནས་ཁྲག་ཧའོ་ཧྲེང་ཁྲི་6ཞལ་འདེབས་ཕུལ་བ་རེད།
བོད་ལྗོངས་ནགས་ཚལ་མེ་གསོད་སྤྱི་ཁྱབ་རུ་ཁག་གི་དམིགས་བསལ་ལས་སྒྲུབ་རུ་ཆེན་གྱིས་བྱ་སྤྱོད་མགྱོགས་མྱུར་སྤེལ་ཞིང་། ཟླ་1ཚེས་7ཉིན་གྱི་ཆུ་ཚོད་18ཡོལ་ཙམ་དུ་ཡོམ་ལྟེ་ཁུལ་ཏེ་ཆུ་ལྷོ་ཤང་བར་ཁ་གྲོང་ཚོར་འབྱོར་ནས་མང་ཚོགས་ཀྱི་རྒྱུ་ནོར་མྱུར་སྐྱོབ་དང་གུར་ཕུབ་པ་སོགས་ཀྱི་ལས་དོན་སྤེལ་བ་རེད།
ལྷོ་ཁ་གྲོང་ཁྱེར་གྱིས་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱི་གཏོང་སྤྲོད་བརྡ་ཐོའི་བླང་བྱ་གཞིར་བཟུང་། དིང་རི་རྫོང་གི་ས་ཡོམ་རྒྱག་ཁུལ་ལ་ཀྲུང་དབྱང་གི་འཕྲལ་སྡོམ་གེགས་སེལ་དངོས་ཟོག་གི་ཕོ་ཁེབས་5000འཕྲལ་མར་གཏོང་འདྲེན་བྱས་པ་རེད།
བོད་ལྗོངས་མཉམ་འབྲེལ་འཕྲིན་གཏོང་གིས་འཕྲལ་མར་ཉེན་སེལ་མི་སྣ་དང་སྒྲིག་ཆས་གྲ་སྒྲིག་བྱས་ནས་ས་གནས་ས་ཐོག་ཏུ་ཉེན་སེལ་གུད་སྐྱོབ་བྱེད་པར་བསྐྱོད་ཅིང་། མིག་སྔར། མཉམ་འབྲེལ་འཕྲིན་གཏོང་གི་ས་གནས་དེ་གའི་བརྒྱུད་གཏོང་དང་། བརྗེ་རེས། གྲངས་གཞི་སོགས་ཀྱི་དྲ་རྒྱ་ཚང་མ་རྒྱུན་ལྡན་བཞིན་འཁོར་སྐྱོད་བྱུང་བ་དང་། སྒུལ་བདེའི་དྲ་རྒྱ་དང་གཏན་འཇགས་དྲ་བའི་སྐད་བརྡའི་གྲངས་གཞིའི་ལས་སྒོ་ཚད་ལེན་ཚོད་ལྟ་བྱས་པར་ཚང་མ་རྒྱུན་ལྡན་ལྟར་ཡིན་པ། ཞབས་ཞུའི་ཐད་འབྲེལ་ཁ་པར་དང་ཞབས་ཞུའི་ལས་དོན་རྒྱུན་ལྡན་བཞིན་སྤེལ་བ་མ་ཟད། ཡོམ་ལྟེ་ཁུལ་དུ་ཡོད་པའི་ལག་ཐོགས་ཁ་པར་སྤྱོད་མཁན་ལ་ཁ་པར་སྤྱོད་མཚམས་འཇོག་ཡུན་ཉིན་བདུན་ནར་འགྱངས་དང་། ཛ་དྲག་ཁ་པར་ཁ་འབྱེད། གཉེན་འཚོལ་ཞབས་ཞུ་བཅས་མཁོ་འདོན་བྱས་པ་རེད།
ཞིང་ལས་དངུལ་ཁང་གཞིས་རྩེ་ཡན་ལག་དངུལ་ཁང་གིས་ཚོང་གཉེར་སླར་གསོ་བྱས་པའི་དྲ་ཚིགས་ཚང་མར་དངུལ་རྩའི་ཞབས་ཞུའི་ཐོགས་མེད་བགྲོད་ལམ་བཏོད་དེ། ཡོམ་འགོག་གེགས་སེལ་གྱི་འཕྲལ་སྡོམ་མ་དངུལ་གྱི་དགོས་མཁོ་དང་དེ་བཞིན་གེགས་ཁུལ་མང་ཚོགས་ཀྱི་ཛ་དྲག་ལས་སྒོའི་དགོས་མཁོར་འགན་ལེན་བྱས་པ་རེད།