ཀྲུང་གོ་ཚན་རིག་ཁང་གི་རིགས་གཅིག་མཁས་ཅན་གྱིས་བརྗོད་དོན།
དིང་རི་རྫོང་གི་ས་ཡོམ་ནི་རོང་ཆད་རིམ་པའི་ས་ཡོམ་རེད།
ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་1ཚེས་7ཉིན་གློག་འཕྲིན་འབྱོར་གསལ། བོད་ལྗོངས་དིང་རི་རྫོང་ས་ཡོམ་གྱི་ཡོམ་ལྟེ་གནས་སའི་མཚོ་སྒང་ཤང་ནི་ཧི་མ་ལ་ཡའི་རི་རྒྱུད་བྱང་འདབས་ཀྱི་ས་མཐོའི་རོང་དང་གཤོང་ས་ཡངས་པོར་གནས་པ་དང་ས་བབ་མཐོ་ཚད་ལ་སྨི་4200ཙམ་ཟིན་ཡོད། གསར་འགོད་པས་ཡོམ་ལྟེའི་ཁུལ་ནས་ས་གནས་དེ་གའི་ཡུལ་མིའི་སྡོད་ཁང་ལ་ཚད་གཞི་མི་འདྲ་བའི་གནོད་འཚེ་ཕོག་ཡོད་པ་མཐོང་བྱུང་།
ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་ཞིབ་འཇུག་ཁང་རྡེབ་ཐུག་འབུར་ཐོན་དང་ཤུགས་རྐྱེན་ཚོགས་པའི་ཞིབ་འཇུག་པ་གཞོན་པ་ཝང་ཝེ་མིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་ས་ཡོམ་ནི་མཚོ་བོད་ས་མཐོའི་དབུས་ལྷོ་རྒྱུད་ཀྱི་ལྷོ་བྱང་མཆེད་ཕྱོགས་ཀྱི་གས་རོང་དུ་ཐོན་པ་དང་། དེ་ནི་རོང་ཆད་རིམ་པའི་ས་ཡོམ་ཡིན་ཞིང་། ཡོམ་ལྟེའི་གྲུབ་ཚུལ་ཐད་ཤན་རྩ་ནས་གཏིང་སྐྱེས་གས་རོང་གི་ལྷོ་རྒྱུད་ཀྱི་རོང་ཆད་རིམ་པའི་མ་ལག་རེད།
ཝང་ཝེ་མིན་གྱིས་ད་ཐེངས་ཀྱི་ས་ཡོམ་གྱིས་མཐའ་འཁོར་གྱི་གས་ཆག་ལ་ཤུགས་རྐྱེན་ཅུང་ཆེ་བས་སྔར་བཞིན་ཞིབ་འཇུག་དང་ལྟ་ཞིབ་ཚད་ལེན་བྱེད་དགོས་པའི་དབྱེ་ཞིབ་བྱས་པ་རེད།