ས་ཡོམ་བརྒྱབ་ཁུལ་མང་ཚོགས་ཀྱི་ཟ་སྡོད་སྤྱོད་གསུམ་གྱི་གནས་ཚུལ།
ཟླ་1ཚེས་7ཉིན་གྱི་ཆུ་ཚོད་9དང་སྐར་མ་5ཙམ་ལ། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་མཚོ་སྒང་ཤང་གི་ཉེ་འཁོར་དུ་ས་ཡོམ་རིམ་པ་6.8བརྒྱབ་པ་དང་ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ་10ཟིན་གྱི་ཡོད།
ས་ཡོམ་བརྒྱབ་རྗེས་འཕྲལ་སྡོམ་རོགས་སྐྱོབ་དང་། མེ་ཟོན། སྤྱི་བདེ། དཔུང་སྡེའི་དཔོན་དམག་དང་དེ་བཞིན་སྤྱི་ཚོགས་ཀྱི་འཕྲལ་སྡོམ་རོགས་སྐྱོབ་མི་སྣ་བཅས་ཀྱིས་ས་ཆ་དངོས་ལ་ནུས་ཤུགས་ཡོད་རྒུས་མི་སྣ་འཚོལ་སྐྱོབ་བྱེད་པ་དང་། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱིས་སྨན་བཅོས་རོགས་སྐྱོབ་དཔུང་ཁག་དང་མྱུར་སྐྱོབ་རླངས་འཁོར་མངགས་ནས་སྐྱེལ་འདྲེན་སྐྱོབ་བཅོས་ཀྱི་ལས་དོན་སྤེལ་བ་མ་ཟད། གཏེར་ཆུ་དང་། སྟབས་བདེའི་ཐུག་པ། གྲང་འགོག་ལྭ་རིང་། དྲོད་སྲུང་ལྷམ། མལ་ཆས། ཉལ་ཁྲི། གུར་སོགས་རོགས་སྐྱོབ་དངོས་ཟོག་ཁག་རེ་རེ་བཞིན་གེགས་ཁུལ་དུ་སྐྱེལ་བཞིན་ཡོད།
དཔུང་སྡེ་དང་། མེ་ཟོན། འགྲིམ་འགྲུལ་ཉེན་རྟོག་ཁོངས་གཏོགས་བཅས་ཀྱིས་མི་སྣ་སྒྲིག་འཛུགས་བྱས་ནས་རོགས་སྐྱོབ་བྱེད་པར་ཡོང་བ་དང་གནོད་འཚེ་ཕོག་མཁན་མང་ཚོགས་ལ་དངོས་ཟོག་སྐྱེལ་བར་ཡོང་བཞིན་པ།
རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀུང་སིའི་ལས་དོན་པས་གློག་སྐུད་མྱུར་བཟོ་བྱེད་བཞིན་པ།
གནོད་འཚེ་ཕོག་པའི་མང་ཚོགས་ལ་ཟ་མ་ཚ་པོ་ཟ་རྒྱུ་དང་ཆུ་ཁོལ་འཐུང་རྒྱུ་བྱུང་བ་མ་ཟད། ད་དུང་གུར་ནང་སྤོ་ཐུབ་པ་བྱུང་ཡོད།
ཡོམ་འགོག་གེགས་སེལ་གྱི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ།