དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གསུང་བཤད་གལ་ཆེན་གནང་སྐབས་ནན་བཤད་གནང་དོན།

    སྒྱུར་བཅོས་ཀྱི་སྙིང་སྟོབས་དང་ཚད་གཞི་ནན་པོ་སྤྱད་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་མཐའ་འཁྱོངས་བྱས་ཏེ་རུལ་རྒོལ་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་། རྒྱུན་མཐུད་དམག་འཐབ། སྤྱི་ཡོངས་ཀྱི་དམག་འཐབ་བཅས་མཐའ་གཅིག་ཏུ་ཡག་པོ་རྒྱག་དགོས།

    ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་བཅས་ཚོགས་འདུར་ཞུགས་པ་དང་། ལི་ཞི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-01-08

    ཟླ་1ཚེས་6ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གསུང་བཤད་གལ་ཆེན་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཚེས་6ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་དུས་རབས་གསར་པ་ཤར་ཚུན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་རུལ་རྒོལ་གྱི་འཐབ་རྩོད་ལ་སྐུལ་འདེད་གཏོང་ཤུགས་ནི་སྔར་བྱུང་མྱོང་མེད་པ་ཞིག་དང་ཕན་འབྲས་ཀྱང་ཚང་མས་མཐོང་གསལ་རེད། ཐོག་མཐའ་བར་གསུམ་དུ་རུལ་རྒོལ་ནམ་ཡང་ཚར་དུས་མེད་པའི་སྙིང་རུས་དང་བརྩོན་སེམས་རྒྱུན་འཁྱོངས་དང་འཐབ་ཇུས་ཀྱི་ངེས་ཤུགས་དང་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། གོམ་པ་གང་ཡང་སྤོ་མཚམས་མི་འཇོག་པ་དང་གོམ་པ་ཕྱེད་ཀ་ཙམ་ཡང་ཕྱིར་བཤོལ་མི་བྱེད་པར་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་བཏང་ནས་འགག་སྒྲོལ་དམག་འཐབ་དང་། རྒྱུན་མཐུད་དམག་འཐབ། སྤྱི་ཡོངས་ཀྱི་དམག་འཐབ་བཅས་མཐའ་གཅིག་ཏུ་ཡག་པོ་རྒྱག་དགོས་ཞེས་ནན་བཤད་གནང་བ་རེད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་བཅས་ཚོགས་འདུར་ཞུགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལི་ཞི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། 2024ལོར་ཏང་ཀྲུང་དབྱང་གིས་ཏང་གི་རང་ངོས་གསར་བརྗེར་བརྟེན་ནས་སྤྱི་ཚོགས་གསར་བརྗེར་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བས། འཕེལ་རྒྱས་དང་གྲུབ་འབྲས་གསར་པ་ཐོབ་ཅིང་། ཏང་ཡོངས་ཀྱིས་རང་ངོས་གསར་བརྗེའི་གནད་དོན་གལ་ཆེན་འདིའི་ཐད་ངོས་འཛིན་སྔར་བས་ཁ་གསལ་བྱུང་བ་དང་བྱ་སྤྱོད་སྔར་བས་བློ་བརྟན་འགྱུར་མེད་སྤེལ་བ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བས་ཏང་ཡོངས་ཀྱི་བློ་མཐུན་རྣམས་ཀྱིས་སྒྲིག་ཁྲིམས་དང་སྒྲིག་སྲོལ་ལ་བརྩི་སྲུང་ཞུ་བའི་འདུ་ཤེས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། རུལ་རྒོལ་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་རུལ་སུངས་ཐོན་ས་དང་ཐོན་རྐྱེན་མེད་པར་བཟོས་པ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་བཅོས་སྐྱོང་གཏིང་ཟབ་བྱས་པས་མང་ཚོགས་ཀྱི་བསམ་འཆར་ཆེན་པོ་ཡོད་པའི་མངོན་གསལ་དོད་པའི་གནད་དོན་འབོར་ཆེན་ཐག་གཅོད་བྱུང་བ། ལམ་ལུགས་ཐོག་ནས་ཏང་བཅོས་སྐྱོང་དང་སྒྲིག་སྲོལ་ལྟར་ཏང་བཅོས་སྐྱོང་བྱ་རྒྱུ་གཏིང་ཟབ་ཏུ་བཏང་བས་ཏང་གིས་རུལ་རྒོལ་འཐབ་རྩོད་ལ་འགོ་ཁྲིད་བྱེད་པ་དང་ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བར་སྐུལ་འདེད་གཏོང་བའི་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རུལ་སུངས་ནི་རང་རེའི་ཏང་ལ་འཕྲད་པའི་འཇིགས་སྐུལ་ཆེ་ཤོས་ཡིན་པ་དང་། རུལ་རྒོལ་ནི་ཆེས་མཐར་ཕྱིན་གྱི་རང་ངོས་གསར་བརྗེ་ཞིག་རེད། དུས་རབས་གསར་པར་སླེབས་རྗེས། ཏང་ནང་ཁུལ་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་ཀྱི་མངོན་གསལ་དོད་པའི་གནད་དོན་མདུན་དུ། ང་ཚོས་རུལ་སུངས་ཡོད་ན་ངེས་པར་དུ་ངོ་རྒོལ་དང་ལྐོག་ཟ་ཡོད་ན་ངེས་པར་དུ་གཙང་སེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ལས་བྱེད་པའི་དཔུང་ཁག་རྒྱུན་ཆད་མེད་པར་སྤྱོད་གཙང་དུ་བཏང་བས། ཏང་གི་གཟུགས་བརྙན་སྲུང་སྐྱོང་ཐུབ་པ་དང་། གསར་བརྗེའི་རྒྱལ་སྲིད་སྲ་བརྟན་དུ་ཕྱིན་པ། ཏང་གི་ངོ་བོ་མི་འགྱུར་བ་དང་། ཁ་དོག་མི་འགྱུར་བ། བྲོ་བ་མི་འགྱུར་བ་བཅས་འགན་ལེན་བྱེད་པའི་ལོ་རྒྱུས་ཀྱི་རང་འགུལ་ཐོབ་པ། ཏང་གིས་མི་དམངས་ཡོངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཐུན་མོང་ཐོག་འབད་འཐབ་བྱེད་པའི་ལོ་རྒྱུས་ཀྱི་རང་འགུལ་ཐོབ་པ་བཅས་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། མིག་སྔའི་རུལ་རྒོལ་འཐབ་རྩོད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེན་པོ་ཡོད། རུལ་སུངས་ཀྱི་གསོག་ཚད་ད་དུང་གཙང་སེལ་བྱས་མེད་ལ། འཕར་ཚད་ད་དུང་མུ་མཐུད་མཐོ་རུ་འགྲོ་བཞིན་ཡོད་པས། རུལ་སུངས་ཐོན་ས་དང་ཐོན་རྐྱེན་མེད་པར་བཟོ་བའི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་ཞིང་ལྕི་པོ་ཡོད། རུལ་རྒོལ་གྱི་འཐབ་རྩོད་ལ་ངོས་འཛིན་བྱེད་སྐབས། ངེས་པར་དུ་ལོ་རྒྱུས་ཀྱི་མིག་རྒྱང་དང་འཐབ་ཇུས་ཀྱི་མཐོ་ཚད་ཡོད་དགོས་པས་ཏང་གི་འགན་འཁྲི་དང་ལས་འགན་མངོན་འགྱུར་བྱེད་པར་དམིགས་དགོས། རུལ་རྒོལ་གྱི་འཐབ་རྩོད་ངེས་པར་དུ་བློ་བརྟན་འགྱུར་མེད་ངང་བྱེད་དགོས། ཐེ་ཚོམ་དང་། གཡོ་འགུལ། ལྷོད་གཡེང་། ལས་མཐའ་མ་འཁྱོལ་བ་བཅས་གང་ཞིག་བྱས་ཀྱང་རྩ་སློག་རང་བཞིན་གྱི་ནོར་འཁྲུལ་ཐོན་སྲིད། ནོར་འཁྲུལ་གྱི་ངོས་འཛིན་སྣ་ཚོགས་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ་དང་བསམ་བློའི་གོ་འཛོལ་གསལ་པོ་བཟོས་ནས་རུལ་རྒོལ་འཐབ་རྩོད་ཀྱི་ཆོད་སེམས་དང་གདེང་ཚོད་སྔར་བས་བརྟན་དུ་གཏོང་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ངེས་པར་དུ་སྒྱུར་བཅོས་ཀྱི་སྙིང་སྟོབས་དང་ཚད་གཞི་ནན་པོ་སྤྱད་དེ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་མཐའ་འཁྱོངས་བྱས་ནས་ཕན་འབྲས་དེ་བས་ཆེ་བ་ཐོན་པའི་འབད་བརྩོན་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུ་འགན་ལེན་དང་། ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་སྲོག་ཤིང་ཞིག་ཏུ་འགྱུར་བའི་འགན་ལེན་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས།

    ཞི་ཅིན་ཕིང་གིས་གསུངས་དོན། ཆབ་སྲིད་ཀྱི་ལྟ་སྐུལ་ཞིབ་ཕྲ་ཅན་དང་། གནད་སྨིན་ཅན། རྒྱུན་གཏན་ཅན་བཅས་ལ་སྐུལ་འདེད་གཏོང་དགོས། ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱེད་པར་ངེས་པར་དུ་གང་བཤད་དེ་སྒྲུབ་བྱེད་དགོས། བསམ་བློའི་ཐད་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཆེ་རུ་གཏོང་བ་དང་ཏང་ཀྲུང་དབྱང་གིས་ས་ཁུལ་དེ་རང་དང་། སྡེ་ཚན་དེ་རང་། ཁྱབ་ཁོངས་དེ་རང་བཅས་ཀྱི་སྒྱུར་བཅོས་འཕེལ་རྒྱས་ཀྱི་དམིགས་ཚད་ངེས་གནས་དང་བཀོད་སྒྲིག་བླང་བྱ་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། བསམ་བློ་གཅིག་གྱུར་དང་ཁ་ཕྱོགས་གཅིག་མཐུན་ཡོང་བའི་འགན་ལེན་བྱེད་དགོས། ཆབ་སྲིད་ཐད་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་དང་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་སྲོལ་ནན་དུ་བཏང་ནས“ཡོད་པ་བདུན”གཏན་ནས་བྱེད་མི་རུང་བ་དང་། གཏམ་སྤྱོད་གཅིག་མཐུན་དང་གང་གསུང་དེ་སྒྲུབ་འགན་ལེན་བྱེད་དགོས། བྱ་སྤྱོད་ཐད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་བྱས་ཚུལ་དེ་ཆབ་སྲིད་ལྟ་སྐུལ་གྱི་གཙོ་གནད་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་སྒྱུར་བཅོས་འགག་སྒྲོལ་ལ་ནུས་ཤུགས་གཅིག་སྒྲིལ་གྱིས་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་ནི་རྒྱུན་གཏན་རང་བཞིན་གྱི་ལས་དོན་ཞིག་ཡིན་པས། ཏང་ཡོན་དང་ལས་བྱེད་པས་གཞན་གཅུན་དེ་རང་གཅུན་ལ་སྒྱུར་བ་དང་སེམས་རྒྱུད་ལ་འཇགས་པར་བྱས་ཏེ་རྒྱུན་སྤྱོད་གཏམ་སྤྱོད་ཀྱི་ཚད་གཞིར་བསྒྱུར་རྒྱུར་ཁྲིད་སྟོན་བྱེད་དགོས། རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་སྒྲིག་ཁྲིམས་སློབ་གསོའི་ལམ་སྲོལ་བཙུགས་ནས་སྒྲིག་ཁྲིམས་སློབ་གསོ་དེ་ལས་བྱེད་པ་འཚར་ལོངས་ཀྱི་འཁོར་ཡུན་ཧྲིལ་པོར་ཁྱབ་པ་དང་རྩ་འཛུགས་དོ་དམ་གྱི་བརྒྱུད་རིམ་ཧྲིལ་པོར་མཉམ་འདྲེས་ཡོང་བ་བྱེད་དགོས། ཏང་གི་སྒྲིག་ཁྲིམས་ལག་བསྟར་ནན་པོ་བྱས་ཏེ“ཐབས་རྣམ་བཞི”ཡང་དག་པའི་སྒོ་ནས་སྤྱོད་པ་དང་། དངོས་ཐོག་བདེན་འཚོལ་དང་བཟང་པོར་ཉེས་འགེལ་མི་བྱེད་ལ་ངན་པ་རྒྱ་ཡན་དུའང་མི་གཏོང་བ། སྔ་ས་ཆུང་ས་ནས་དམ་འཛིན་དང་རྐྱེན་རྩ་ཆུང་ཟློག་བྱེད་པ། དོ་དམ་དང་ལྟ་སྐུལ་ནན་པོ་དང་འགན་འཁུར་ལས་སྒྲུབ་ལ་སྐུལ་ལྕག་གཏོང་རྒྱུ་གཉིས་གཅིག་གྱུར་བཅས་བྱས་ཏེ། ལས་བྱེད་པས་སྒྲིག་སྲོལ་དང་སྒྲིག་ཁྲིམས་ལ་བརྩི་སྲུང་བྱེད་པའི་ཁྲོད་སྒྱུར་བཅོས་གསར་གཏོད་དང་ལས་སྒྲུབ་ལས་གཏོད་བྱེད་དུ་འཇུག་དགོས།

    ཞི་ཅིན་ཕིང་གིས་གསུངས་དོན། སྤྱོད་ངན་དང་རུལ་སུངས་མཉམ་བཤེར་མཉམ་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཐོག་མཐའ་བར་གསུམ་དུ་ཐར་པར་གཏན་ནས་མི་གཏོང་བ་མཐའ་འཁྱོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དེ་སྒྲིག་ལམ་ནན་པོ་དང་བཀན་ཤིང་མཁྲེགས་པོ་ཞིག་ཏུ་བརྩིས་ཏེ་ཡ་མེད་སྒྲིག་འགལ་དང་མངོན་མེད་ཐབས་སྒྱུར་གྱི“སྤྱོད་ཚུལ་བཞིའི”གནད་དོན་ཐག་གཅོད་ནན་པོ་བྱེད་པ་དང་ཏང་ཡོན་དང་ལས་བྱེད་པས་དམིགས་བསལ་དབང་ཆའི་བསམ་བློ་དང་དམིགས་བསལ་དབང་ཆའི་སྣང་ཚུལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པར་སྐུལ་འདེད་བཏང་སྟེ་ཡང་དག་པའི་དབང་ཆའི་ལྟ་བ་དང་། སྲིད་དོན་ལས་རྗེས་ཀྱི་ལྟ་བ། བྱ་གཞག་གི་ལྟ་བ་བཅས་བརྟན་པོར་འཛུགས་དགོས། ཐོག་མཐའ་བར་གསུམ་དུ་རུལ་རྒོལ་གྱི་དམ་བསྒྲགས་རྣམ་པ་མཐའ་འཁྱོངས་བྱས་ཏེ་གཙོ་གནད་གནད་དོན་དང་། གཙོ་གནད་ཁྱབ་ཁོངས། གཙོ་གནད་དམིགས་ཡུལ་བཅས་ལ་གཙོ་གནད་ཐོག་དམ་འཛིན་དང་ཞིབ་བཤེར་ཤུགས་ཆེན་བྱེད་པ་དང་ལྐོག་རྔན་ལེན་སྤྲོད་ལ་མཉམ་དུ་ཞིབ་བཤེར་གཏིང་ཟབ་བྱས་ཏེ་རྒྱུད་རིམ་རང་བཞིན་གྱི་རུལ་སུངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་མཐའ་གཅིག་ཏུ་གཙང་སེལ་བྱེད་དགོས། གྱོད་འདྲེན་ལེགས་བཅོས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་ཆེ་རུ་བཏང་ནས་དབང་ཆ་བཀོད་སྒྲིག་དང་འཁོར་སྐྱོད་ལ་ཚོད་འཛིན་དང་ལྟ་སྐུལ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ་རུལ་སུངས་གསར་པ་དང་མངོན་མེད་རུལ་སུངས་འགོག་བཅོས་བྱེད་པའི་གོ་ཆོད་བྱ་ཐབས་ཕུན་སུམ་ཚོགས་སུ་གཏོང་དགོས། སྤྱོད་བཟང་སྒྲིག་ནན་དང་རུལ་རྒོལ་གཉིས་ཕན་ཚུན་འབྲེལ་མཐུད་མཐའ་འཁྱོངས་བྱས་ཏེ“མཉམ་བཤེར”ལ་བརྟེན་ནས་སྤྱོད་ངན་དང་རུལ་སུངས་མཉམ་འདྲེས་ཀྱི་གནད་དོན་ལ་ཆད་པ་ནན་པོ་གཅོད་པ་དང་། “མཉམ་བཅོས”ལ་བརྟེན་ནས་སྤྱོད་ངན་དང་རུལ་སུངས་ཀྱི་སྤྱི་ཁྱབ་རང་བཞིན་གྱི་འབྱུང་རྩ་མེད་པར་བཟོ་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་གྱི་འགན་འཁྲི་ཆེ་རུ་གཏོང་དགོས། ཏང་ཨུད་ཀྱིས་རང་འགུལ་ངང་དམ་འཛིན་དང་རང་འགུལ་ངང་དོ་དམ་བྱེད་དགོས་པ་དང་། སྒྲིག་ཨུད་ཀྱིས་ཆེད་འགན་ཡིན་པའི་ལྟ་སྐུལ་ལག་ལེན་ཡག་པོ་བསྟར་ཏེ་གཙོ་འགན་ལ་དམིགས་པ་དང་གཙོ་ལས་ལེགས་པར་སྒྲུབ་དགོས་པ། འགན་འཁྲིའི་བྱེད་པོ་ཁག་ཚང་མས་འགན་འཁྲི་གསལ་རྟོགས་དང་། འགན་འཁྲི་འཁུར་བ། འགན་འཁྲི་སྒྲུབ་པ་བཅས་བྱེད་དགོས། འགན་འཁྲི་དོན་འཁྱོལ་བྱེད་པའི་དཔྱད་ཞིབ་ལམ་སྲོལ་ལེགས་སུ་བཏང་ནས་འགན་འཁྲི་ཤོར་བའི་རིགས་གནད་ལ་འཁེལ་ཞིང་ཚན་རིག་དང་མཐུན་པའི་སྒོ་ནས་འགན་འཁྲི་བདའ་འདེད་གཏོང་དགོས།

    ཞི་ཅིན་ཕིང་གིས་གསུངས་དོན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དེ་གཞི་རིམ་དུ་སྣུར་སྲིང་བྱ་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་དགོས། རིམ་ཁག་ཏང་ཨུད་དང་ལྷག་པར་དུ་གྲོང་ཁྱེར་དང་རྫོང་གི་ཏང་ཨུད་ཀྱིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་བཅོས་སྒྲིག་བྱེད་པ་དེ་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་རྒྱུན་གཏན་ནས་དམ་འཛིན་བྱས་ཏེ་མི་སེར་རྣམས་ལ་ཚོར་རྒྱུ་མཐོང་རྒྱུ་ཡོད་པ་བྱེད་དགོས། གཞི་རིམ་གྱི་ལྟ་སྐུལ་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་སྒྲིག་བཤེར་ལྟ་ཞིབ་དེ་གཞི་རིམ་གྱི་སྐོར་ཞིབ་དང་ཟུང་འབྲེལ་བྱེད་པ་དང་ཕྱོགས་ཁག་གི་ལྟ་སྐུལ་དང་སྤྱི་འདོམས་བྱེད་དགོས། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཕུགས་ཕན་ལམ་སྲོལ་དོན་འཁྱོལ་བྱས་ནས་རྒྱ་ཆེའི་གཞི་རིམ་ལས་བྱེད་པར་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་སེམས་ཤུགས་དེ་བས་མང་བ་ཡོད་པར་བྱེད་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ནི་ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས། ཏང་དང་མི་དམངས་ཀྱིས་དཔུང་ཁག་འདིར་ཡིད་ཆེས་གང་མང་དང་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། སྒྲིག་བཤེར་ལྟ་ཞིབ་ཀྱི་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་དབང་ཆ་གཤམ་སྤྲོད་དང་དབང་ཆ་ཚོད་འཛིན་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས་དབང་ཆ་ལམ་ལུགས་ཀྱི་རླུང་ཙེའི་ནང་འཇུག་དགོས། སྒྲིག་བཤེར་ལྟ་ཞིབ་ལས་དོན་ཚད་ལྡན་ཅན་དང་། ཁྲིམས་སྐྱོང་ཅན། དངོས་གཞི་ཅན་བཅས་ཀྱི་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱོད་བཟང་སྒྲིག་ནན་དང་རུལ་རྒོལ་གྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། བརྗོད་དོན་གཙོ་བོའི་སློབ་གསོ་དང་སློབ་གསོ་དག་ཐེར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་བཏང་སྟེ་ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས་པ་མཐའ་འཁྱོངས་ཀྱིས་དོ་དམ་དང་ལྟ་སྐུལ་ནན་པོ་བྱེད་ཤུགས་ཆེ་རུ་བཏང་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ། འཐབ་རྩོད་བྱེད་ཕོད་པ་དང་མཁས་པ་བཅས་ཀྱི་སྒྲིག་བཤེར་ལྟ་ཞིབ་ཀྱི་དཔུང་ཁག་ཧྲག་པོ་ཞིག་འཛུགས་སྐྱོང་བྱེད་དགོས།

    ལི་ཞི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་འདས་ཟིན་པའི་ལོ་གཅིག་རིང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཕེལ་རིམ་གསར་པ་དང་གྲུབ་འབྲས་གསར་པར་ཁས་ལེན་གང་ལེགས་གནང་ནས་ལོ་རྒྱུས་ཀྱི་གཟིགས་རྒྱང་མཐོན་པོའི་ཐོག་ནས་རུལ་རྒོལ་འཐབ་རྩོད་ཀྱི་གཞི་རྩའི་ཆོས་ཉིད་ཁོང་དུ་གཏིང་ཟབ་ཆུད་པ་དང་མིག་སྔའི་རུལ་རྒོལ་འཐབ་རྩོད་ཀྱི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་གནང་སྟེ། རུལ་རྒོལ་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་། རྒྱུན་མཐུད་དམག་འཐབ། སྤྱི་ཡོངས་ཀྱི་དམག་འཐབ་བཅས་མཐའ་གཅིག་ཏུ་ཡག་པོ་རྒྱག་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་གནང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་བའི་ཐད་འཐབ་ཇུས་བཀོད་སྒྲིག་གནང་ཡོད། གསུང་བཤད་དེ་མཐོ་གཟིགས་འོག་བསྐྱངས་དང་། དགོངས་པ་ཟབ་པ། གནད་དོན་ལ་ཐད་གཏུག བློ་མུན་སེལ་བ་བཅས་ཡོད་པས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་རུལ་རྒོལ་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་གཞི་འཛིན་ས་གལ་ཆེན་མཁོ་འདོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། གདེང་ཚོད་བརྟན་དུ་གཏོང་བ་དང་འཐབ་རྩོད་བྱེད་ཕོད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ལག་ལེན་ནན་པོ་བསྟར་བ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བ་བཅས་བྱས་ནས་བློ་བརྟན་འགྱུར་མེད་ངང་རུལ་རྒོལ་འཐབ་རྩོད་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་དང་དེ་བཞིན་ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་བཅས་ཚོགས་འདུར་ཞུགས་པ་རེད།

    ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཚན་ཁག་དང་། མི་དམངས་ཚོགས་པ་ཁག དམག་དཔུང་གི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་གཙོ་བོ་སོགས་ཚོགས་འདུར་ཞུགས་ཡོད་པ་རེད། ཚོགས་འདུ་དེ་ནི་བརྙན་འཕྲིན་ཁ་པར་གྱི་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་ཤིང་། ཞིང་ཆེན་ཁག་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་དང་དེ་བཞིན་དམག་དཔུང་གི་འབྲེལ་ཡོད་ཚན་པ་བཅས་སུ་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད།

    ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ཟླ་1ཚེས་6ཉིན་པེ་ཅིང་དུ་འགོ་ཚུགས་པ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད། ཚེས་6ཉིན་གྱི་ཕྱི་དྲོར། ལི་ཞི་ཡིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས《ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཕན་འབྲས་གསར་པར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འགན་སྲུང་བརྟན་པོ་བྱེད་དགོས》ཞེས་པའི་ལས་དོན་སྙན་ཞུ་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།