རྒྱང་ལམ་གསར་པར་ཚང་མ་འབད་འཐབ་པ་གཙོ་བོ་ཡིན།
—— ཀྲུའུ་ཞི་ཞི་ཅིན་ཕིང་གི་2025ལོའི་ལོ་གསར་ཤིས་ཚིག་གི་བློ་འབྱེད་ཟིན་ཐོ། ⑤
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དམངས་དུང་ཕྱུར་མང་པོའི་རང་ཉིད་ཀྱི་བྱ་གཞག་ཅིག་ཡིན་པ་དང་། མི་དམངས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གཏན་ཚིགས་ཀྱི་འགོ་ཚུགས་ས་དང་རིན་ཐང་གི་གཙོ་དོན་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་ཤིས་ཚིག་ནང“ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་བཏང་བས་མཛེས་སྡུག་ལྡན་པའི་ཀྲུང་གོའི་མཛེས་རིས་རིམ་བཞིན་མངོན་ཡོད”ཅེས་གསུངས་ཡོད། ཐཱ་ཁེ་ལ་མ་ཀན་བྱེ་ཐང་གི་སྤྱི་ལེ་3046སྐྱེ་ཁམས་སྲུང་བཅད་ཕྱོགས་ཡོངས་ནས་མཐའ་སྒྲིལ“སྣེ་མཐུད”ཐུབ་པ་དང་། ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་ཐུབ་པ་ལས་མཚོ་བོད་ས་མཐོའི་མང་ཚོགས་ཁྲི་20ཙམ“དྲོ་སོབ་སོབ་ཀྱི་སྡོད་ཁང”ནང་སྡོད་རྒྱུ་བྱུང་བ། གྲོང་ཁྱེར་འཛུགས་སྐྲུན་ཁུལ་དུ་སྔོ་ཁེབས་ཁྱབ་ཚད་42.69%བར་མང་དུ་ཕྱིན་པ་ལས་གྲོང་མི་ཚོར་ཁྱིམ་གྱི་སྒོ་འགྲམ་དུ“སྙན་ངག་དང་རྒྱང་རིང”ལོངས་སྤྱོད་ཐུབ་ཡོད། རྒྱལ་ཡོངས་ཀྱི་དྲོད་ཁང་རླངས་གཟུགས་རང་མོས་བཙོག་འབུད་ཉུང་གཏོང་ཉོ་ཚོང་ཁྲོམ་ར་སྤྱོད་འགོ་ཚུགས་པ་ནས། རྒྱལ་ནང་དུ་ནུས་རྒྱུ་གསར་པའི་འགྲུལ་སྐྱེལ་རླངས་འཁོར་ཟླ་རེའི་སིལ་ཚོང་བྱེད་ཚད་སྲོལ་རྒྱུན་གྱི་སྣུམ་སྤྱོད་འགྲུལ་སྐྱེལ་རླངས་འཁོར་ལས་ཐོག་མར་བརྒལ་བ་དང་། དེ་ནས་ལྗང་མདོག་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་དར་སྲོལ་ཆགས་པའི་བར་སོགས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན་ཐད་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཅིང་། མི་དམངས་མང་ཚོགས་ནི་དེའི་ནང་ཞུགས་མཁན་དང་བདེན་དཔང་བ་ཞིག་ཡིན་ལ། ཕན་པ་ཐོབ་མཁན་ཞིག་ཀྱང་ཡིན། མི་དམངས་ཡོངས་ཐུན་མོང་ཐོག་ཞུགས་པ་དང་། ཐུན་མོང་ཐོག་འཛུགས་སྐྲུན། ཐུན་མོང་ཐོག་ལོངས་སྤྱོད་བཅས་མཐའ་འཁྱོངས་བྱེད་ཀྱི་ཡོད་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འདི་ཉིད་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་ཡིད་སྨོན་བྱེད་ས་དང་། དམངས་འཚོའི་བདེ་རྩ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་ཐུན་མོང་ཕྱུག་འགྱུར་ཡོང་བར་བྱེད་པའི་བརྒྱུད་དགོས་ངེས་ཀྱི་ལམ་བུར་གྱུར་ཡོད། མི་དམངས་དུང་ཕྱུར་མང་པོས་ཤུགས་ཆེའི་བདག་པོའི་སྙིང་སྟོབས་རྒྱུན་ཆད་མེད་པར་འདོན་སྤེལ་བྱས་ནས། ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཕྱར་བ་གྲུ་འདེགས་དང་དོན་ཆེན་མཉམ་སྒྲུབ་བྱེད་བཞིན་མཆིས།
མི་དམངས་ནི་ལོ་རྒྱུས་གསར་གཏོད་བྱེད་མཁན་ཞིག་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བྱེད་པོ་ཞིག་ཡིན། “ཚང་མ་འབད་འཐབ་པ་གཙོ་བོ་ཡིན་པའི”ཆོད་གཏམ་གསལ་པོས་ཀྲུང་གོའི་འཕེལ་རྒྱས་ཡར་རྒྱས་ཀྱི་ནང་གནས་གཏན་ཚིགས་གསལ་སྟོན་བྱས་ཡོད། རྒྱལ་ཁབ་ཆེན་པོའི་བཟོ་བོ་ཀྲང་ལན་ཀང་ནི་ཧྲན་ཏུང་གྲུ་ཁ་ཚོགས་པའི་རང་འགུལ་ཅན་གྱི་གྲུ་ཁ་འཛུགས་སྐྲུན་གསར་གཏོད་ཚོགས་པའི་སྣེ་ཁྲིད་པ་ཞིག་ཡིན་ཞིང་། ཁོང་གིས“སྲོག་འབེན་འཛུགས་ཀྱིས་ལས་ཀ་བྱས་ན་ལེགས་འགྲུབ་ཐུབ་པའི་ངེས་པ་མེད། འོན་ཀྱང་སྲོག་འབེན་འཛུགས་ཀྱིས་ལས་ཀ་མ་བྱས་ན་ལེགས་འགྲུབ་མི་ཐུབ་པ་གཏན་འཁེལ་ཡིན་པའི”སྙིང་སྟོབས་ལ་བརྟེན་ནས་ཚོགས་པའི་སྣེ་ཁྲིད་དེ་མཉེན་ཆས་དང་མཁྲེགས་ཆས་ཀྱི་སྒྲིག་ཆས་ཚང་མ་རྒྱལ་ཐོན་ཅན་ལ་འགྱུར་བར་བྱས་པ་དང་སྦྲགས། འབྲེལ་ཡོད་ལག་རྩལ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ལ་ཁྱབ་གདལ་བཏང་ཡོད། པེ་ཅིང་ཡན་ཆིང་ཆུས་པཱ་ཏ་ལིང་གྲོང་རྡལ་ཧྲི་ཞ་གྲོང་ཚོའི་ལོ་80ལ་སླེབས་པའི་ཡུལ་མི་མེ་ཅིང་ཐེན་ནི་རྒྱལ་ཡོངས་ཀྱི་ལྕགས་རི་རིང་པོ་སྲུང་མཁན་7000ཙམ་ཁྲོད་ཀྱི་གྲས་ཤིག་ཡིན་ཞིང་། ཁོང་ཚོས་སྲུང་སྐྱོང་བྱེད་པ་ནི་རིག་གནས་ཤུལ་བཞག་ཡིན་པ་མ་ཟད། སྙིང་སྟོབས་ཤིག་གཅིག་རྒྱུན་གཅིག་འཛིན་བྱས་པ་དེ་བས་ཡིན། མི་དམངས་མང་ཚོགས་ཀྱི་བྱེད་པོའི་གནས་བབ་དང་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྩི་འཇོག་བྱས་ནས། མི་དམངས་མང་ཚོགས་ཁྲོད་ཡོད་པའི་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱེད་པ་དང་། སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་ཀྱི་མངོན་མེད་སྟོབས་ཤུགས་སྐུལ་སྤེལ་གང་ལེགས་བྱས་ཚེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྨང་གཞི་བརྟན་ཤོས་དང་སྟོབས་ཤུགས་ཆེ་ཤོས་ཡོང་སྲིད།
མིག་སྔར། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་འགག་རྩའི་དུས་སྐབས་སུ་གནས་ཡོད་པས། ང་ཚོའི་མདུན་དུ་འཕྲད་པ་ནི་དེ་བས་དཀའ་ཚེགས་ཆེ་ཞིང་ལྗིད་རྫོབ་ཆེ་བའི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་དེ་ཡིན་པ་དང་། “སྐོར་མི་ཐུབ་པ་དང་གཡོལ་མི་ཐུབ་པའི”འབར་འབུར་གྱི་ལམ་བུ་དེ་རེད། ང་ཚོས་གསར་གཏོད་བྱེད་དགོས་པའི་བསྐྱར་དར་རླབས་པོ་ཆེའི་བྱ་གཞག་ནི་རླུང་ཞི་རླབས་འཇགས་ཁྲོད་རྒྱལ་ཁ་མྱུར་དུ་ཐོབ་པ་ཞིག་མིན་ལ། མེ་ཏོག་དང་དགའ་བསུའི་ཁྲོད་རྩོལ་མེད་སྐྱིད་རོལ་བྱེད་པ་ཞིག་ཀྱང་མིན། སེམས་ཤུགས་གཅིག་སྒྲིལ་དང་དངོས་སྒྲུབ་འབད་འཐབ་བྱས་ཚེ་གཞི་ནས་ཕུགས་འདུན་མངོན་འགྱུར་བྱེད་ཐུབ། གོ་སྐབས་ཀྱི་མདུན་དུ་རང་འགུལ་ངང་ཕར་རྒོལ་བྱེད་པ་དང་། དཀའ་ངལ་གྱི་མདུན་དུ་དཀའ་བར་མི་འཛེམ་པར་མདུན་དུ་སྐྱོད་པ། ཉེན་ཁའི་མདུན་དུ་ཁ་གཏད་ཧུར་ཐག་གཅོག་པ་བཅས་བྱས་ཏེ་ཀྲུང་ཧྭའི་བུ་ཕྲུག་ལ་འགན་འཁྲི་འཁུར་ཕོད་པའི་འབད་འཐབ་པ་དང་གསར་གཏོད་འཕེལ་རྒྱས་ཀྱི་གསར་འབྱེད་པ་ཞིག་བྱེད་དགོས་པའི་འབོད་སྐུལ་བྱེད་དགོས།
“ང་ཚོས་ཐུན་མོང་ཐོག་རིམ་འདས་ལས་གྲྭ་བསྐྲུན་ཡོད་ལ། རིམ་འདས་ལས་གྲྭས་ཀྱང་ང་ཚོའི་མི་ཚེར་བཀྲག་མདངས་འཚེར་བའི་དུས་སྐབས་བྱུང་ཡོད” འདི་ནི་ཧྲེན་ཀྲུང་བགྲོད་ལམ་འཛུགས་སྐྲུན་ལ་ཞུགས་མཁན་བཟོ་སྐྲུན་པའི་མྱོང་ཚོར་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་སྐབས་ལས་སྒྲུབ་ལས་གཏོད་ཀྱི་གར་སྟེགས་དེ་བས་རྒྱ་ཆེ་བ་ཡོད་པ་དང་། ཕུགས་འདུན་མངོན་འགྱུར་བྱེད་པའི་མདུན་ལམ་ཧ་ཅང་འོད་ཟེར་ལྡན་པ་ཞིག་ཡོད། ཟླ་བའི་ལྷ་མོའི་ཟླ་དཔྱད་སོགས་ཀྱི་ལས་གཞི་གལ་ཆེའི་ཁྲོད་ན་གཞོན་ཚན་རྩལ་ལས་དོན་པ་མང་པོ་འབུར་དུ་ཐོན་ནས་འགན་འཁྲི་ལྕི་པོ་བློ་ཁོག་ཆེན་པོས་ཁུར་བ་དང་། ཡང་ན་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཚ་ཚ་འུར་འུར་གྱི་ལག་ལེན་ཁྲོད་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་འབོར་ཆེན་ཞིག་ཕྱུག་འགྱུར་སྣེ་ཁྲིད་པར་འཚར་ལོངས་བྱུང་བའམ་ཡང་ན་ཐོན་ལས་གྲུབ་ཆ་ཕྱོགས་སྒྱུར་རིམ་སྤོར་གྱི་འཕེལ་རྒྱས་མྱུར་འཕར་ཁྲོད་རྩལ་ནུས་ཤེས་ལྡན་པ་གྲངས་ལས་འདས་པ་ཞིག་གིས་བྱང་ཆུབ་པའི་ལག་རྩལ་ལ་བརྟེན་ནས་མི་ཚེའི་གཟི་བརྗིད་མངོན་པ་སོགས། མི་སྒེར་གྱི་ཕུགས་བསམ་དོན་གཉེར་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་དང་མཉམ་འདྲེས་བྱས་ཏེ་ཕུགས་བསམ་རིང་དུ་འཆང་བ་དང་ལས་དོན་ཏན་ཏིག་བསྒྲུབས་ཚེ། ང་ཚོས་རྒྱལ་ཁབ་འཕེལ་རྒྱས་ལ་རམ་འདེགས་བྱེད་རིང་མི་སྒེར་གྱི་རིན་ཐང་མངོན་འགྱུར་ཐུབ་པ་དང་དུས་རབས་ཡར་ཐོན་ལ་སྐུལ་འདེད་གཏོང་རིང་མི་ཚེའི་ཉམས་འགྱུར་མངོན་ཐུབ།
ལོ་རྒྱུས་རིང་མོའི་ཁྲོད་རྔམ་བརྗིད་ཆེན་པོས་ཡོང་བ་དང་། མི་རིགས་བསྐྱར་དར་གྱི་ཕྱོགས་སུ་མྱུར་དུ་སྐྱོད་བཞིན་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་མཛེས་སྡུག་ལྡན་པའི་འཆར་གཞི་བཀོད་ནས། འོད་སྟོང་འཕྲོ་བའི་མདུན་ལམ་མངོན་ཡོད། འཆར་གཞི་གསར་པ་ང་ཚོས་ཐུན་མོང་ཐོག་འགོད་དགོས་པ་དང་ལོ་རྒྱུས་གསར་པ་ང་ཚོས་ཐུན་མོང་ཐོག་གཏོད་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། དུས་རབས་ཀྱི་ལས་འགན་ལྕི་པོ་དཔའ་ངར་ཆེན་པོས་འཁུར་བ་དང་། འབད་འཐབ་པ་གཙོ་བོའི་འདུ་ཤེས་ཟབ་ཏུ་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ནང་ལྷག་བསམ་རྣམ་དག་ངང་ཞུགས་ཏེ་རྔུལ་ཆུ་དང་འབད་འཐབ་ལ་བརྟེན་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས།