ན་ནིང་ཀང་ཀྲུའུ་ཨའོ་ཟམ་ཆེན་གྱི་འགྲུལ་རྒྱུན་དང་འཁོར་རྒྱུན་གྱིས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་པ།
དུས་མཚུངས་ལས་70%འཕར་བ།
ཀྲུའུ་ཧའེ་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི་ཀང་ཀྲུའུ་ཨའོ་ཟམ་ཆེན་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2024ལོར་ཟམ་ཆེན་གྱི་ཀྲུའུ་ཧའེ་གཞུང་ལམ་འགག་སྒོ་བརྒྱུད་ས་མཚམས་ནས་འགྲོ་འོང་བྱེད་པའི་འགྲུལ་པ་མི་ཐེངས་ཁྲི་2700ལས་བརྒལ་ནས་དུས་མཚུངས་ལས་72%འཕར་བ་དང་། ས་མཚམས་ནས་འགྲོ་འོང་བྱེད་པའི་རླངས་འཁོར་ཐེངས་ཁྲི་555ལས་བརྒལ་བ་དེ་དུས་མཚུངས་ལས་71%འཕར་ཡོད། དེ་ནི་ཟམ་ཆེན་བསྐྲུན་ཚུན་ལོའི་རླངས་འཁོར་འགྲོ་འོང་བྱེད་ཚད་ཁྲི་500ལས་ཐེངས་དང་པོར་བརྒལ་ཡོད་པ་རེད།
2024ལོར་ཀང་ཀྲུའུ་ཨའོ་ཟམ་ཆེན་ཀྲུའུ་ཧའེ་གཞུང་ལམ་འགག་སྒོ་བརྒྱུད་ས་མཚམས་ནས་འགྲོ་འོང་བྱེད་པའི་ཤང་ཀང་དང་ཨའོ་མོན་གྱི་འགྲུལ་པ་མི་ཐེངས་ཁྲི་1620ལས་བརྒལ་ནས་དུས་མཚུངས་ལས་63%འཕར་བ་དེས་འགག་སྒོའི་འགྲུལ་རྒྱུན་བསྡོམས་འབོར་གྱི་བཅུ་ཆ་དྲུག་ཙམ་ཟིན་ཡོད་པ་རེད། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) 2024ལོར་འགག་སྒོ་དེའི་ཉིན་རེའི་འགྲུལ་པ་མི་ཐེངས་ཁྲི་10ལྷག་ཙམ་ཟིན་པའི་ཉིན་གྲངས་ཉིན་50ཟིན་པ་དེ་2023ལོའི་ལྡབ་10ཡིན་པ་རེད།
ནང་ས་ནས་ཤང་ཀང་དང་ཨའོ་མོན་དུ་སྐྱོད་པའི“མི་སྒེར་གྱི་ཡུལ་སྐོར”རྒྱུན་མཐུད་ངང་རྒྱ་ཆེར་ཕྱིན་པ་དང་བསྟུན་ནས། ཀང་ཀྲུའུ་ཨའོ་ཟམ་ཆེན་ལ་དམིགས་ནས་བཟོས་པའི“ལམ་ཐག་གཅིག་ལ་ས་ཚིགས་མང་བའི”མཚོ་ཁུག་ཡུལ་སྐོར་གྱི་ཐོན་རྫས་ལ་དགའ་བསུ་ཆེན་པོ་ཐོབ་ཡོད། 2024ལོར་ཤང་ཀང་དང་ཨའོ་མོན་གྱི་ཡུལ་སྐོར་མཆན་འགོད་ཁྱེར་ནས་ཀང་ཀྲུའུ་ཨའོ་ཟམ་ཆེན་བརྒྱུད་འགྲོ་འོང་བྱེད་མཁན་ནང་སའི་ཡུལ་སྐོར་བ་མི་ཐེངས་ཁྲི་524ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་55%འཕར་ཡོད་པ་རེད། 2025ལོའི་ཟླ་1ཚེས་1ཉིན་ཀོང་ཏུང་ཀྲུའུ་ཧའེ་གྲོང་ཁྱེར་ནས་ཨའོ་མོན་ལ་ཡུལ་སྐོར་དུ་སྐྱོད་པའི“གཟའ་འཁོར་གཅིག་ལ་ཡུལ་སྐོར་ཐེངས་གཅིག”སོགས་ཀྱི་སྲིད་ཇུས་ལག་བསྟར་བྱས་པ་དང་ཆབས་ཅིག ཀང་ཀྲུའུ་ཨའོ་ཟམ་ཆེན་བརྒྱུད་རྒྱལ་མཚམས་སྒྲོལ་བའི་ནང་སའི་ཡུལ་སྐོར་བའི་གྲངས་འབོར་སྔར་བས་མང་དུ་འགྲོ་རེ་ཡོད་པ་རེད།