ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་གིས།
གནས་འཕྲོད་ལས་འཚམ་དང་མཛེས་མཐུན་གྱི་གྲོང་གསེབ་ཀྱི་རྣམ་པ་གསར་པ་བཏོད་པ།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་དུ་སྐྱོད་སྐབས། ཉམས་དགའ་བའི་རྣམ་པ་ཞིག་འདྲེན་བྱེད་ཀྱི་ཡུལ་དུ་འཆར་འོང་ཞིང་། དེ་གར་ཡངས་ཤིང་རྒྱ་ཆེ་བའི་ཞིང་ཁ་དང་། གྲལ་སྟར་འགྲིག་པའི་བོད་བཟོའི་ཁང་པ། སྔོ་ཞིང་སྣུམ་པའི་གླིང་ཁ། ལྷུང་ལྷུང་དུ་འབབ་པའི་ཆུ་ཕྲན། ལོ་འདབ་སྟུག་པའི་ལྕང་གསེབ་ཡོད་པ་མ་ཟད། ད་དུང“ཁྱིམ་མཚེས་ཞིང་ར”དང་། སྡེ་ཁུལ་གྱི་ཟ་ཁང་། བྱིས་བཅོལ་ལྟེ་གནས། སྒྱུ་རྩལ་མཉམ་སྤྱོད་བར་མཐོངས། གནའ་བོའི་རིག་གཞུང་སློབ་ཚན་བཅས་ཡོད་པས། མི་རིགས་ཁག་གི་མང་ཚོགས་མཉམ་འདྲེས་མཉམ་གནས་དང་མཉམ་དུ་འཕེལ་རྒྱས་བྱུང་སྟེ་གནས་འཕྲོད་ལས་འཚམ་དང་མཛེས་མཐུན་གྱི་གྲོང་གསེབ་ཀྱི་རྣམ་པ་གསར་པ་ཞིག་ཆགས་ཡོད།
2024ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་གིས“ཁྲི་སྟོང་འདུ་འགོད”ཀྱི་ཉམས་མྱོང་སློབ་སྦྱོང་དང་ལག་ལེན་བསྟར་ནས་ལྗོངས་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཁར། “འདུ་ཤེས་ཆེན་པོ་ལྔ”དང“གལ་ཆེ་མཉམ་འཛིན་གྱི་འཕེལ་རྒྱས་ལྔ”མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གྱི་ལེ་ལག་ཚང་བའི་འཕེལ་རྒྱས་ཆེན་པོའི་འཐབ་ཇུས་ལ་བརྟེན་ནས་ཁྲེང་ཀོན་ཆུས་ཀྱི“རིག་གནས་དང་ཡུལ་སྐོར་མཉམ་འདྲེས་སྔོན་བསྟར་ཁུལ”འཛུགས་སྐྲུན་བྱ་རྒྱུ་དེ“ས་ཁོངས་ཧྲིལ་པོའི་ཡུལ་སྐོར”དོན་འཁྱོལ་གྱི་ཐབས་ལམ་ནུས་ལྡན་ཞིག་ཏུ་བརྩིས་ནས་ཐོན་ཁུངས་བསྡུ་སྒྲིལ་དང་། སྒྲིག་བཀོད་ཆ་སྒྲིག ཞབས་ཞུ་ལེགས་གཏོང་བཅས་ལ་སྐུལ་འདེད་བརྟན་པོ་བཏང་བས་ཁོངས་གཏོགས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་འཕེལ་རྒྱས་འགྲོ་བར་སྐུལ་མ་ཐེབས་ཡོད།
བསྡོམས་རྩིས་ལ་གཞིགས་ན། 2024ལོའི་ནང་། དོག་སྡེ་ཁྲོམ་གཞུང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་30ལྷག་ཙམ་ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་7%འཕར་བ་དང་། ཡུལ་སྐོར་ཡོང་འབབ་སྒོར་ཁྲི་2978ལྷག་ཙམ་བྱུང་བ་དེ་དུས་མཚུངས་ལས་8%འཕར་ཡོད།
“སྤྱི་ཡོངས་འཆར་འགོད་དང་། ཁག་བགོས་ལག་བསྟར། དཔེ་སྟོན་སྣེ་ཁྲིད། ལུ་གུ་བརྒྱུད་པ་བཅས་ཡོང་བའི”ལས་ཀའི་བསམ་ཕྱོགས་གཞིར་བཟུང་། དོག་སྡེ་ཁྲོམ་གཞུང་གིས་ཐུན་མོང་མ་ཡིན་པའི་རི་ཆུའི་ལེགས་ཆ་དང་ལུང་ཤུར་རིག་གནས་ལ་བརྟེན་ནས་གླིང་ཁའི་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་ཞིང་། ཉེ་བའི་ལོ་ཤས་རིང་། གླིང་ཁ་མང་པོ་ཆར་རྗེས་ཀྱི་སྨྱུག་གསར་འབུད་པ་བཞིན་ཐོན་པ་དང་ལྷོ་ངོས་གཞིས་ཀའི་གླིང་ཁ་སོགས་གླིང་ཁ་རྙིང་པ་དང་། དྲ་གྲགས་གླིང་ཁ་སྟེ་རྡོ་ལ་ཕྲ་མོ་དྲིལ་བསྒྲགས་དང་ཁྱབ་གདལ་བྱེད་ཤུགས་ཆེ་རུ་ཟམ་མི་ཆད་པར་བཏང་ནས། 2024ལོར་ཆུ་རྐྱལ་གླིང་ཁ(མཛེས་པའི་དོག་སྡེའི་ཁུ་བྱུག་གཞིས་ཀ)དང་ལྷོ་ངོས་གླིང་ཁ(མཁར་རྡོ་མཉམ་འཛོམས་གླིང་ཁ)མཐོར་གཏོང་སྒྱུར་བཀོད་ཀྱི་རྣམ་གྲངས་ལག་ལེན་བསྟར་བས། དོག་སྡེ་ཁྲོམ་གཞུང་གི་ཡུལ་སྐོར་ཐོན་ཁུངས་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། དོག་སྡེ་གླིང་ཁའི་སྤྲོ་གསེང་ཡུལ་སྐོར་གྱི“མིང་བྱང་རྩེ་གྲ”རགས་ཙམ་ཆགས་ཡོད། དོག་སྡེ་ཁྲོམ་གཞུང་གིས་གྲོང་ཁྱེར་མཛེས་བཟོ་དང་། སྲང་ལམ་བཅོས་སྐྱོང་། སྡེ་ཁུལ་རྙིང་པ་སྒྱུར་བཀོད་མཐོར་གཏོང་སོགས་ཀྱི་བྱ་སྤྱོད་སྤེལ་རྒྱུར་སྐུལ་འདེད་བཏང་ཞིང་། 2024ལོར་གོང་རིམ་ལ་མ་དངུལ་སྒོར་དུང་ཕྱུར་1.2ལྷག་ཙམ་རེ་ཞུ་བྱས་ནས་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་དང་། ལུང་ཤུར་བཅོས་སྐྱོང་། ཐོན་ལས་མཐོར་གཏོང་སོགས་ཀྱི་རྣམ་གྲངས་ལག་ལེན་བསྟར་བས། མིག་སྔར་རྣམ་གྲངས་ཚང་མ་ལེགས་གྲུབ་ཟིན་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ལ་མང་ཚོགས་དང་ཡུལ་སྐོར་བ་བློ་ཡིད་ཚིམ་ཚད་མུ་མཐུད་མཐོ་རུ་ཕྱིན་ཏེ། ཡུལ་སྐོར་ཐོན་ལས་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་གཉིས་ཀ་བྱུང་ཡོད།
གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར། ཞོ་སྟོན་སོགས་ཀྱི་དུས་ཆེན་ལ་དམིགས་ནས“དོག་སྡེ་ཁྲོམ་གཞུང་གི་བོད་ཁྱིམ་གྱིས་སྐུ་ཉིད་ལོ་གསར་ལ་གདན་འདྲེན་ཞུ”སོགས་ཀྱི་ཁྱད་ལྡན་རིག་གནས་ཀྱི་བྱེད་སྒོ་ཞིབ་ཚགས་པོས་གཉེར་བས། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་ལ། ད་དུང་འཁོར་གཏོང་ཡུལ་སྐོར་དང་། སྤྲོ་གསེང་ཡུལ་སྐོར། ཞིབ་སློབ་ཡུལ་སྐོར་སོགས་རང་སོའི་ཁྱད་ཆོས་ཀྱི་དགོས་མཁོ་དང་ཟུང་འབྲེལ་གྱིས་ཡུལ་སྐོར་ལམ་ཐིག་སྣ་མང་ཅན་དང་ཁྱད་ལྡན་ཅན་ཡང་བཏོད་ཡོད།