གཙོད་སྐྱེ་འཕེལ་བྱེད་ས་ཁུ་ཁུ་ཤིས་རི།
འདི་ནི་གཙོད་ཁྱུ་བག་ཕེབས་ངང་རྩྭ་ཟ་བཞིན་པ།
མཚོ་བོད་གཞུང་ལམ་འགྲམ་དུ་གཙོད་མ་རྣམས་བག་ཕེབས་ངང་རྩྭ་ཟ་བཞིན་ཡོད་པ་དང་། སྐྱེས་ནས་ཟླ་བ་གཅིག་ལྷག་ཙམ་ལས་སོང་མེད་པའི་གཙོད་ཕྲུག་དག་བྱིས་པ་ཞིག་དང་འདྲ་བར་ཨ་མའི་འགྲམ་དུ་ས་མཆོང་གནམ་མཆོང་བྱེད་ཅིང་། མཚམས་མཚམས་སུ་ལྡིར་སྒྲ་སྒྲོག་པའི་མེ་འཁོར་དང་རླངས་འཁོར་ལ་ལྟ་བཞིན་མིག་ཟུང་ལས་ཡ་མཚན་གྱི་རྣམ་འགྱུར་མངོན་འོང་།
དེ་ནི་2024ལོའི་ཟླ་8ཚེས་20ཉིན། ང་ཚོ་མཚོ་བོད་ལམ་ཐིག་མཉམ་འབྲེལ་འཕྲིན་སྤེལ་ཚོགས་ཆུང་བོད་ཀྱི་བྱང་སྒོ་ཆེ་མོ་བརྒྱུད་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་ནས་འཛམ་གླིང་རང་བྱུང་ཤུལ་བཞག་གི་ས་ཆ་ཡིན་པའི་ཁུ་ཁུ་ཤིས་རི་ནས་མཐོང་བའི་ཡིད་དགའ་བའི་རྣམ་པ་ཞིག་རེད།
གྱ་གྱུའི་མཚོ་བོད་གཞུང་ལམ་བརྒྱུད་ནས་སྐྱོད་སྐབས། ལམ་རྒྱུད་དུ་བསྐྲུན་པའི་མུ་ཏིག་ཚ་ཆུ་དང་། བསོད་ནམས་དར་རྒྱས། ཐོག་ཐོན་གཙང་པོ། སྨུག་པ་ལ་བཅས་སྲུང་སྐྱོང་ས་ཚིགས་དེ་དག་ནི་སྲ་ཞིང་བརྟན་པའི་བཙན་རྫོང་རེ་རེ་དང་འདྲ་བར་ཁུ་སིམ་མེར་ས་མཐོའི་གཅེས་ནོར་གཙོད་སྲུང་སྐྱོང་བྱས་ཏེ། གཙོད་ཕྲུག་སྐྱེ་འཕེལ་གྱི་ངོ་མཚར་མང་དག་ཅིག་གཏོད་བཞིན་མཆིས།
གནས་སྤོའི“ཚེ་སྲོག་བགྲོད་ལམ”རྟག་ཏུ་སྲུང་སྐྱོང་བྱེད་པ།
གཙོད་གནས་སྤོ་བྱེད་པ་ནི་སའི་གོ་ལའི་སྟེང་གི་རྨིག་ལྡན་སྲོག་ཆགས་རིགས་གསུམ་གྱི་ཆེས་བརྗིད་ཉམས་ལྡན་པའི་གནས་སྤོ་ཆེན་པོའི་གྲས་ཤིག་ཡིན་ཞིང་། གནས་སྤོའི་སྐབས་ཁྱུ་ཚོགས་སྟུག་ལ་བརྗིད་ཉམས་ཆེ། ལོ་ལྟར་ཟླ་4པའི་ཟླ་མཇུག་ཡས་མས་སུ། གཙོད་ཁྱུ་ས་མཐོའི་ཕྱོགས་བཞི་མཚམས་བརྒྱད་ནས་རྩོ་ནག་མཚོ་དང་ཉི་མ་མཚོའི་འགྲམ་དུ་རུབ་ཀྱི་ཡོད་པ་དང་སྨུག་པ་ལ་ནི་ཏག་ཏག་གཙོད་གནས་སྤོ་བྱེད་སའི་བགྲོད་ལམ་གཙོ་བོ་རེད།
སྨུག་པ་ལ་སྲུང་སྐྱོང་ས་ཚིགས་ཀྱི་ལས་དོན་མི་སྣ་བདེ་དགའ་ཡིས“ད་ཆ་གཙོད་མང་པོ་ལོག་ཡོང་བའི་དུས་ཚིགས་ཡིན་པས་ང་ཚོས་རྒྱུན་གཏན་གྱི་སྐོར་སྲུང་བྱེད་དགོས་པ་ཕུད། ད་དུང་གཙོད་ལོག་ཡོང་སྐབས་སྲུང་སྐྱོབ་བྱེད་དགོས་ཀྱི་ཡོད”སྨུག་པ་ལ་སྲུང་སྐྱོང་ས་ཚིགས་ལྟེ་བར་བྱེད་པ་དང་གཞི་རིམ་གྱི་སྲུང་སྐྱོང་ས་ཚིགས་ཁག་གིས་ཀྱང་རང་སོ་སོའི་བདག་ཁོངས་སུ་རྒྱུན་ཆད་མེད་པར་སྐོར་སྲུང་བྱེད་བཞིན་ཡོད། གལ་ཏེ་གཙོད་གཞུང་ལམ་ནས་འགྲོ་བ་ཤེས་ཚེ་ལམ་སེང་འགྲིམ་འགྲུལ་སྐབས་འཕྲལ་བཀག་སྡོམ་བྱས་ནས་ཁོ་ཚོ་གནས་སྤོ་བྱེད་སྐབས་འདྲོག་འགོ་མི་ལངས་པ་གང་ཐུབ་བྱེད་ཀྱི་ཡོད་ཅེས་བཤད།
མ་གཞི་སྲུང་སྐྱོང་ས་ཚིགས་ཀྱི་ལས་དོན་ལ་དཀའ་ངལ་དང་ཉེན་ཁ་མང་པོ་ཡོད་མོད། འོན་ཀྱང་བདེ་དགའ་ཡིས་ཕྱིར་འཐེན་བྱ་རྒྱུའི་བསམ་བློ་གཏན་ནས་གཏོང་མྱོང་མེད། ཁོང་གིས་ཁུ་ཁུ་ཤིས་རིའི་བླ་ན་མེད་པའི་ས་ཆ་འདི་སྲུང་སྐྱོང་བྱེད་ཐུབ་པར་སྤོབས་པ་ཆེན་པོ་བྱེད་ཀྱི་ཡོད།
ཁོང་དང་ཁོང་འདྲ་བ་ཚོས་སྲུང་སྐྱོང་བྱས་པས་གཙོད་ཁྱུ་འཕེལ་ཏེ་ཁུ་ཁུ་ཤིས་རིར་དུས་རབས་གོང་མའི་ལོ་རབས་80པར་གཙོད་ཁྲི་2ཀྱང་མ་ཟིན་པ་ནས་ད་ལྟའི་ཁྲི་7ལྷག་ཙམ་བར་སྐྱེ་འཕེལ་བྱུང་ཡོད།
བྱམས་སེམས་ཆེན་པོས་གཅིག་པུར་ལུས་པའི་གཙོད་ཕྲུག་བསྐྱབས་པ།
གཙོད་གནས་སྤོ་ཆེན་པོའི་རུབ་འཛོམས་བྱ་ཡུལ་ནི་རྩོ་ནག་མཚོ་དང་། ཁུ་ཁུ་ཤིས་རི་མཚོ། ཉི་མ་མཚོ་བཅས་ཀྱི་རྒྱུད་དུ་ཡིན། དེ་ནི་ཚེ་སྲོག་གསར་པ་བསུ་བའི་འགྲུལ་བཞུད་རིང་མོ་ཞིག་ཡིན་ཞིང་། གཙོད་ཁྱུས་དཀའ་བ་དུ་མ་གདོང་གིས་བསུས་ནས་འདི་གར་ཡོང་དོན་ནི་གནས་དེར་རང་ཉིད་ཀྱི་ཕྲུ་གུ་སྐྱེ་ཆེད་ཡིན་པས། མི་ཁག་གཅིག་གིས་ས་ཆ་འདིར་གཙོད་ཀྱི་རང་བྱུང་ཁམས་ཀྱི“སྐྱེ་ཁང”ཆེན་པོ་ཞེས་འབོད་ཀྱི་ཡོད། དེ་བཞིན་ཁྱེད་རང་གིས་འདི་ནི་གཙོད་ཀྱི་འབྱུང་ཁུངས་རེད་ཅེས་བརྗོད་ཀྱང་ཆོག
གསར་འགོད་པས་གོར་མོ་ནས་ཚེ་བསོད་རྒྱལ་ཐུག་སྐབས་ཚེ་བསོད་རྒྱལ་གྱི་མདའ་ལྟར་འདྲོང་བའི་གཟུགས་བྱད་དང་། ལྷིང་འཇགས་ཀྱི་ཉམས་ཚུགས། བག་ཕེབས་ཀྱི་གཏམ་བཤད་བཅས་ལ་གུས་སེམས་ངང་གིས་སྐྱེས་བྱུང་། 2015ལོར་ཚེ་བསོད་རྒྱལ་སྲུང་སྐྱོང་ས་ཚིགས་ཀྱི་ཁོངས་མི་ཞིག་ཏུ་གྱུར། ཁོང་གིས་དེ་སྔ་སྨུག་པ་ལ་དང་། བསོད་ནམས་དར་རྒྱས། དེ་བཞིན་རྩོ་ནག་མཚོ་སོགས་སྲུང་སྐྱོང་ས་ཚིགས་མང་པོ་ཞིག་ཏུ་ལས་ཀ་བྱེད་མྱོང་ཡོད། 2023ལོར་ཁོང་རྩོ་ནག་མཚོ་སྲུང་སྐྱོང་ས་ཚིགས་སུ་འཐེན་པ་ནས་བཟུང་ད་བར་ས་ཚིགས་ཀྱི་ཀྲན་ཀྲང་གཞོན་པའི་འགན་འཁུར་ཡོད།
ཚེ་བསོད་རྒྱལ་གནས་སའི་རྩོ་ནག་མཚོ་སྲུང་སྐྱོང་ས་ཚིགས་ནི་གཙོད་ལ་དམིགས་ནས་བསྐྲུན་པའི་དུས་ཚིགས་རང་བཞིན་གྱི་སྲུང་སྐྱོང་ས་ཚིགས་ཤིག་ཡིན་པ་དང་། གཙོད་འདི་གར་གནས་སྤོ་མ་བྱས་གོང་དུ་སྲུང་སྐྱོང་ས་ཚིགས་ཀྱི་ལས་དོན་མི་སྣ་རྩོ་ནག་མཚོ་བརྟན་སྲུང་བྱེད་པར་འགྲོ་གི་ཡོད། དེ་ནས་གཙོད་དག་གཙོད་ཕྲུག་བཙས་ནས་ཕྱིར་ལོག་རྗེས་སྲུང་སྐྱོང་ས་ཚིགས་ཀྱི་ལས་དོན་མི་སྣའང་གཞི་ནས་ལོག་འགྲོ་བ་དང་ད་དུང་བསྐྱབས་པའི་གཙོད་ཕྲུག་མཉམ་དུ་འཁྲིད་ཀྱི་ཡོད།
2024ལོའི་ཟླ་5ཚེས་25ཉིན། ཚེ་བསོད་རྒྱལ་གྱིས་གྲ་སྒྲིག་ཨང་གསར་བྱས་རྗེས་རུ་མི་ཚོ་ཁྲིད་ནས་རྩོ་ནག་མཚོ་སྲུང་སྐྱོང་ས་ཚིགས་སུ་བཅའ་སྡོད་བྱས་པ་དང་། ཟླ་7ཚེས་20ཉིན་གཞི་ནས་ཕྱིར་ལོག་པ་རེད།
“གཙོད་ཕྲུག་སྡེབ་གཅིག་ཏུ་བཙའ་སྐབས་ང་ཚོས་སྐོར་སྲུང་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་གཙོད་ཕྲུག་ཡོད་དོ་ཅོག་གི་གནས་ཚུལ་ལ་ཡག་པོ་ལྟ་བ་མ་ཟད། ད་དུང་གཙོད་ཕྲུག་ཁ་ཐོར་སོང་ཡོད་མེད་དམ་ཡང་ན་གཙོད་མོ་སྤྱང་ཀིས་བཟས་ཡོད་མེད་སོགས་ལའང་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། གལ་ཏེ་གཙོད་ཕྲུག་ཁ་ཐོར་སོང་བ་སོགས་ཀྱི་གནས་ཚུལ་བྱུང་ཚེ་ང་ཚོས་འཕྲལ་དུ་སྐྱོབ་པར་འགྲོ་གི་ཡོད”ཅེས་ཚེ་བསོད་རྒྱལ་གྱིས་གསར་འགོད་པར་བཤད་བྱུང་།
གཙོད་ལ་བྱམས་བརྩེ་ཆེ་བའི“ཨ་ཕ”རྙེད་པ།
ཚེ་བསོད་རྒྱལ་གྱིས་བརྗོད་པའི་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་ནི་ཁུ་ཁུ་ཤིས་རིའི་ཤར་ཕྱོགས་ཀྱི་ཁུ་ནུ་རི་བོའི་འདབས་སུ་གནས་པ་དང་། ཁུ་ཁུ་ཤིས་རིས་ཕྱི་ཕྱོགས་ལ་དྲིལ་བསྒྲགས་སློབ་གསོ་གཏོང་བའི་སྐར་ཁུང་ལྟ་བུ་ཞིག་ཡིན་ཞིང་། ཁ་ཐོར་བ་དང་རྨས་སྐྱོན་ཕོག་པའི་གཙོད་སྐྱོབ་པ་དང་དེ་ནས་བྱེས་སྦྱོང་བྱས་རྗེས་རང་བྱུང་ཁམས་སུ་གློད་པའི་འགན་འཁྲི་ཕྲག་ཏུ་འཁུར་གྱི་ཡོད།
བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་ནི་ཁུ་ཁུ་ཤིས་རིར་བཙུགས་པའི་སྲུང་སྐྱོང་ས་ཚིགས་དང་པོ་དེ་ཡིན་པ་དང་། ཁོར་ཡུག་སྲུང་སྐྱོང་བ་རྒྱས་བཟང་བསོད་ནམས་དར་རྒྱས་ཀྱི་མིང་ལས་སྲུང་སྐྱོང་ས་ཚིགས་དེའི་མིང་ཐོགས།
བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་ཀྱི་ལས་དོན་མི་སྣ་རྒྱ་མཚོས། སྒོ་ར་རྒྱབ་མའི་ར་སྐོར་ནང་ཚེ་བསོད་རྒྱལ་ཁོ་ཚོས་བསྐྱལ་བའི་གཙོད་ཕྲུག་9དང་ས་ཚིགས་གཞན་དག་གིས་བསྐྱབས་པའི་དགོ་བ་1ཡོད་ཅེས་གསར་འགོད་པར་བཤད།
རྒྱ་མཚོ་དང་ཅི་འཕྲོས་མོལ་འཕྲོས་བྱེད་པ་དང་ཏག་ཏག་གཙོད་ཕྲུག་ལ་འོ་མ་སྟེར་རན། རྒྱ་མཚོས་ཆུ་བསྐོལ་ཏེ་འཇིབ་རུ་རེ་རེ་བཞིན་ཆུ་འཁོལ་ནང་སྦངས་ནས་དུག་སེལ་བྱས་པ་དང་ཉི་སྐམ་བཏང་རྗེས། ལམ་སེང་འོ་མ་བསྐོལ་ནས་ཚ་གྲང་རན་པོ་བཟོས་རྗེས་འཇིབ་རུའི་ནང་བླུགས་ནས་གཙོད་ཕྲུག་ལ་སྟེར།
དེ་ནི་གཙོད་ཀྱི“ཨ་ཕ”རྒྱ་མཚོའི་འཆར་ཅན་གྱི་ལས་ཀ་ཡིན་ཞིང་། ཁོང་གིས་དུས་དང་རྣམ་པ་ཀུན་ཏུ་གཙོད་ཕྲུག་ལ་ལྟ་རྟོག་ཞིབ་ཚགས་བྱེད་པ་མ་ཟད། དེ་དག་ལ་ཡངས་པའི་རང་བྱུང་ཁམས་སུ་འཚོ་གནས་ཐུབ་པའི་ནུས་པ་ཡོངས་སུ་མ་ལྡན་བར་སྦྱོང་བརྡར་ཡང་སྤྲོད་ཀྱི་ཡོད། དེ་ལྟར་འཚོ་གནས་ཀྱི་ནུས་པ་རྦད་དེ་ལྡན་རྗེས་ཁོང་གིས་ཇི་ལྟར་བྲལ་མི་ཕོད་ཀྱང་གཙོད་ཕྲུག་དག་མཐའ་ཡས་པའི་ཁུ་ཁུ་ཤིས་རིར་གློད་ཀྱི་ཡོད།
མུ་མཐའ་མེད་པའི་ཁུ་ཁུ་ཤིས་རིར་ཧ་ལམ་ཉིན་ལྟར་དེ་ལྟ་བུའི་གཙོད་སྲུང་སྐྱོང་ལས་དོན་གཅིག་རྗེས་གཉིས་མཐུད་ངང་སྤེལ་བ་དང་མི་སེམས་འགུལ་བའི་གཏམ་རྒྱུད་མང་དག་ཅིག་ཐོན་གྱི་ཡོད། ཁོར་ཡུག་སྲུང་སྐྱོང་བ་རྒན་རབས་བསོད་ནམས་དར་རྒྱས་ནས་རི་སྐོར་རུ་མི་མི་རབས་གསར་པ་དང་། གཙོད་ཀྱི“ཨ་ཕ”ནས་སྲུང་སྐྱོང་ས་ཚིགས་ཀྱི་ལས་མི་རེ་རེའི་བར། ཁོ་ཚོས་རང་ཉིད་ཀྱི་ལང་ཚོ་དང་ཁྲག་དྲོན་ལ་བརྟེན་ནས་ས་མཐོའི་གཅེས་ནོར་གཙོད་སྲུང་སྐྱོང་བྱས་ཏེ། ངོ་མཚར་ཆེ་བའི་ས་ཆ་འདིར་རྫོགས་མཐའ་མེད་པའི་བརྩེ་བ་དང་བཀྲག་མདངས་བསྣན་ཡོད།
བོད་ལྗོངས་ཉིན་རེའི་ཚགས་པར་དང་མཚོ་སྔོན་ཉིན་རེའི་ཚགས་པར་གྱི་མཚོ་བོད་ལམ་ཐིག་མཉམ་འབྲེལ་འཕྲིན་སྤེལ་ཚོགས་ཆུང་གིས།