མཛེས་མཐུན་གྲོང་གསེབ་ཀྱིས་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་མཐོ་རུ་བཏང་བ།
—— རང་ལྗོངས་ཀྱིས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་བ།
2024ལོའི་ཟླ་3ཚེས་31ཉིན། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་ཉེར་གཅིག་པ་ཀ་ལ་གྲོང་ཚོར་འགོ་ཚུགས་པ་དང་ལྟད་མོ་ཆེ་བའི་བྱེད་སྒོ་སྣ་ཚོགས་ཀྱིས་ཡུལ་སྐོར་བ་མང་པོའི་ཡིད་དབང་འཕྲོག ཉེ་བའི་ལོ་ཤས་རིང་། ཀ་ལ་གྲོང་ཚོས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་མང་ཚོགས་ལ་སྒོ་འགྲམ་ནས་སྐྱེ་ཁམས་ཡུལ་སྐོར་གྱི་ཡོང་འབབ་གསོག་རྒྱུ་བྱུང་ཡོད། འདི་ནི་ཡུལ་སྐོར་བས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོར་ཞབས་བྲོའི་འཁྲབ་སྟོན་ལ་ལྟ་བཞིན་པ།
ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ཏེ་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་སྲོལ་གཏོད་ཟུང་འབྲེལ་བྱ་རྒྱུར་མཐོང་ཆེན་བྱས་ཏེ། ཞིང་འབྲོག་ཁུལ་གྱི་འཛུགས་སྐྲུན་ཁག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་གྲོང་གསེབ་བཅོས་སྐྱོང་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བས། ས་མཐོའི་ས་གཞི་ཆེན་པོར་གྲོང་གསེབ་དར་རྒྱས་ཀྱི་མཛེས་སྡུག་ལྡན་པའི་རྣམ་པ་ཞིག་རིམ་བཞིན་མངོན་ཡོད།
གྲོང་ཚོའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་བ།
གྲལ་སྟར་འགྲིག་པའི་སྒོ་ར་དང་། གཙང་ཞིང་ཁོད་སྙོམས་པའི་གྲོང་ཚོའི་ལམ་བུ། རྐང་རྩེད་སྤོ་ལོ་དང་ལན་ཆིའུ་སྤོ་ལོ་ཐང་། སྤྱི་པའི་འཁྲུད་ཁང་། ཁྲོམ་གཞུང་རྒྱུད་ཀྱི་སྒོ་རྩིས་ཚོང་ཁང་སོགས་རྨང་གཞིའི་སྒྲིག་བཀོད་གང་དགོས་ཚང་མ་ཡོད་ཅིང་། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཆུ་མིག་ཤང་ལྷ་ཁུད་གྲོང་ཚོར་སྐྱོད་སྐབས་མཛེས་སྡུག་ལྡན་པའི་གྲོང་ཚོའི་རྣམ་པ་གང་སར་མངོན། “ལོ་གསུམ་གྱི་གོང་དུ། ལྷ་ཁུད་གྲོང་ཚོའི་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱས་ནས་སྒོ་རའི་གྱང་སྟེང་གི་ལྕི་བ་དང་། སྒྲིག་བཀོད་ཐབས་ཆག་ཡིན་པའི་བུ་བཅོལ་ཁང་། འབར་འབུར་གྱི་ལམ་བུ་བཅས་མཐོང་རྒྱུ་མེད་པར་གྱུར་ནས་གྲོང་ཚོའི་རྣམ་པར་ལེགས་བཅོས་ནུས་ལྡན་བྱུང་ཡོད”ཅེས་ལྷ་ཁུད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཟླ་བས་བཤད།
2024ལོའི་ཟླ་6པར། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོར་སྐྱོད་སྐབས་འདྲེན་བྱེད་ལམ་དུ“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི”ཞེས་པའི་སྦྱར་ཡིག་མངོན་ཞིང་། ཡངས་ཤིང་རྒྱ་ཆེ་ལ་གྲལ་སྟར་འགྲིག་པའི་རྡོ་གཅལ་ལམ་བུ་གྲོང་ཚོའི་མདའ་བར་བཏིང་བ་དང་། འགྲོ་ལམ་གཞོགས་གཉིས་སུ་སྔོ་ལྗང་ལྗོན་ཤིང་གིས་ཁེངས་ལ་ཁྱིམ་ཚང་ཚང་མའི་སྒོ་རའི་ནང་སྟར་སྡོང་དང་། ལི་སྡོང་། ཀུ་ཤུའི་སྡོང་པོ་བཅས་དང་དེ་བཞིན་རྒུན་འབྲུམ་སྡོང་པོ་སོགས་བཏབ་ཡོད་པས་སྒེར་འཁོར་བཏང་སྟེ་ཡུལ་སྐོར་དུ་ཡོང་མཁན་མང་པོ་ཡོད།
ཡུལ་མི་སྤེན་པས“སྔོན་ཆད་ཀ་ལ་གྲོང་ཚོའི་ཁོར་ཡུག་ཡག་པོ་མེད་པ་དང་རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཡིན།
ཁམ་བུའི་མེ་ཏོག་གྱི་དཔལ་འབྱོར་ལ་བརྟེན་ནས་ཕྱུག་པོ་ཆགས་རྗེས་ཀ་ལ་གྲོང་ཚོས་དང་ཐོག་གྲོང་ཚོའི་སྡོད་མལ་ཁོར་ཡུག་བཅོས་སྐྱོང་དང་རིམ་སྤོར་ལས་གྲྭ་ལག་ལེན་བསྟར་ཞིང་། སྒྱུར་བཀོད་དང་འཛུགས་སྐྲུན་བྱས་པ་བརྒྱུད། ད་ཆ་གྲོང་ཚོ་ཧྲིལ་པོའི་རྣམ་པ་གསར་རྐྱང་དུ་གྱུར་ནས་ཡུལ་མིའི་བདེ་སྐྱིད་ཚོར་སེམས་སྔར་བས་ཆེ་རུ་ཕྱིན་ཡོད”ཅེས་བཤད།
ལྷ་ཁུད་གྲོང་ཚོ་དང་ཀ་ལ་གྲོང་ཚོའི་རྣམ་པར་འགྱུར་ལྡོག་སོང་བ་ནི་བོད་ཀྱིས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་དོན་འཁྱོལ་བྱས་ནས་གྲོང་གསེབ་ལ་འཕེལ་རྒྱས་དང་འགྱུར་ལྡོག་བྱུང་བའི་བསྡུས་རིས་ཙམ་ཞིག་རེད།
གྲོང་གསེབ་འཕེལ་རྒྱས་གཏོང་བར་ཁོར་ཡུག་ནི་རྨང་གཞི་ཡིན། ཉེ་བའི་ལོ་ཤས་རིང་བོད་ཀྱིས་མཛེས་སྡུག་ལྡན་ལ་སྡོད་མལ་ལ་འཚམ་པའི་དཔེ་སྟོན་གྲོང་ཚོ་འཛུགས་གཏོད་ཀྱི་ལས་དོན་སྤེལ་འགོ་ཚུགས་ཏེ་གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་དང་། ཆུ་བེད་སྒྲིག་བཀོད། མི་ཕྱུགས་ཀྱི་འཐུང་ཆུ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལག་བསྟར་ཤུགས་ཆེན་བྱས་ནས། ཞིང་འབྲོག་ཁུལ་གྱི་སྡོད་མལ་ཁོར་ཡུག་བཅོས་སྐྱོང་དང་རིམ་སྤོར་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། བྱེད་ཐབས་སྣ་མང་སྤྱད་ནས་གྲོང་གསེབ་ཀྱི་ཁོར་ཡུག་མཛེས་སུ་བཏང་བས་ཞིང་འབྲོག་ཁུལ་གྱི་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་དང་སྤྱི་ཡོངས་ཀྱི་རྣམ་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་བ་དང་ཞིང་འབྲོག་པའི་འཚོ་བའི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།
ཐོན་ལས་དར་ཞིང་འཚོ་བ་མཛེས་སྡུག་ལྡན་པ།
2024ལོའི་ཟླ་8པར། གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་དུ་ནས་ཀྱི་ཆེད་སྤྱོད་ཐོན་སྐྱེད་སྒྲུབ་རིམ་ཞིག་བཙུགས་པ་རེད། “སྔོན་ཆད་བཏབ་པའི་ནས་ཕལ་ཆེ་བ་རང་ཁ་རང་གསོ་ཙམ་ཡིན་པ་དང་ད་ལྟ་ནས་ཀྱི་ཏན་ཞིམ་དང་མེན་པའོ་སོགས་བཟོ་ཐུབ་པས་ཐོན་རྫས་ཕུན་སུམ་ཚོགས་པ་དང་ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་ཕྱིན་ལ་ཡོང་འབབ་ཀྱང་མང་དུ་འགྲོ་བཞིན་ཡོད”ཅེས་རྒྱལ་རྩེ་རྫོང་ལྕང་ར་ཤང་ལྕང་ར་གྲོང་ཚོའི་ཡུལ་མི་སྐལ་བཟང་གིས་བཤད།
ལོ་44ལ་སླེབས་པའི་འགྱུར་མེད་རྡོ་རྗེས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་གྲོང་ཁྱེར་ཕད་གྲོང་རྡལ་ཟུར་གསུམ་གྲོང་ཚོར་མགྲོན་ཁང་ཞིག་གཉེར་ཡོད་པ་དང“འདི་གར་སྔོན་ཆད་ས་རྡོའི་ལམ་ཡིན་པ་དང་ཟམ་པ་ཡང་མེད་པས་རླངས་འཁོར་ཤར་གཏོང་ཐུབ་ཀྱི་མེད། ཡར་ཀླུང་གཙང་པོའི་ཟམ་ཆེན་བསྐྲུན་རྗེས་ངས་གྲོང་ཚོར་མགྲོན་ཁང་ཞིག་བཙུགས་ཏེ་དེ་སྔོན་གྱི་འགྲུལ་ཁང་ཁ་ཤས་ལས་མེད་པ་ནས་ད་ལྟའི་ཁང་མིག་33བར་རྒྱ་སྐྱེད་བཏང་བ་མ་ཟད་ཆུ་དང་། གློག དྲ་བ་བཅས་གང་དགོས་ཚང་མ་འཛོམས་པས་ཚོང་ཡང་ཧ་ཅང་ཡག་པོ་འདུག”ཅེས་བཤད།
མཉམ་སྡེབ་དཔལ་འབྱོར་གཉེར་ནས་འབབ་འཕར་ཡོང་བར་རམ་འདེགས་བྱས་པ།
ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཞོག་ཕུ་གྲོང་ཚོར་སྐྱོད་སྐབས་ཡུལ་མི་བྱམས་པ་བསྟན་དར་གྱིས་བཞོན་མར་གཟན་རྩྭ་སྟེར་བཞིན་ཡོད་པ་དང་། ཁོང་གིས་གཡོག་བྱེད་ཡག་པོ་བྱས་པར་བརྟེན་བཞོན་མ་དེ་དག་ཤ་ཤེད་ཡག་པོ་ཡོད་པ་རེད།
གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པ་ཡིན་པའི་བྱམས་པ་བསྟན་དར་གྱིས་ཞོག་ཤང་ཞོག་ཕུ་གྲོང་ཚོའི་བསྟན་དར་བཞོན་མ་གསོ་ཚགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གཉེར་འགན་འཁུར་ཡོད་པ་རེད། ཁོང་གིས“སྔོན་ཆད་མང་ཚོགས་དུད་ཚང་རེ་རེས་ཁ་ཐོར་གསོ་ཚགས་བྱེད་ཀྱི་ཡོད་པས་དཔལ་འབྱོར་གྱི་ཕན་འབྲས་ཡག་པོ་མེད། ད་ཆ་མཉམ་ལས་ཁང་གིས་ལེགས་བསྡུས་ཅན་གྱི་གསོ་ཚགས་བྱས་པར་བརྟེན་རང་ཉིད་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། ད་དུང་ཡུལ་མི་གཞན་དག་ཚོ་ཡང་ཐུན་མོང་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ཐུབ་ཡོད”ཅེས་བཤད།
གྲོང་གསེབ་དར་རྒྱས་གཏོང་བར་འཚོ་བ་འབྱོར་ཕྱུག་ཡོང་རྒྱུ་ནི་རྩ་བ་ཡིན།
ཉེ་ཆར་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་འཕྱོངས་རྒྱས་གྲོང་རྡལ་ཞོལ་ཁང་སྡེ་ཁུལ་གྱིས་2024ལོའི་ལོ་འཁོར་གྱི་ཐོན་ལས་ཁེ་སྤོགས་བགོ་འགྲེམས་བརྒྱབ་པར་མ་རྐང་ནང་ཞུགས་མཁན་125ལ་ལོ་འཁོར་གྱི་བགོ་འགྲེམས་རག་པ་དང་། རྫི་བོ་5ལ་ལོ་འཁོར་གྱི་གླ་ཆ་རག་པ་རེད།
2024ལོར། ཞོལ་ཁང་སྡེ་ཁུལ་གྱིས་ཁྱད་ལྡན་ཐོན་ལས་རྣམ་གྲངས་ལ་དམ་པོར་དམིགས་ཐོག་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་དང་གསར་གཏོད་ཧུར་ཐག་བྱས་ཏེ། ནོར་གནག་གསོ་ཚགས་དང་ཁྱད་ལྡན་ཞིང་ཟོག་ཕྱིར་ཚོང་སོགས་འཕེལ་རྒྱས་བཏང་བས་སྡེ་ཁུལ་དེའི་མཉམ་སྡེབ་དཔལ་འབྱོར་བརྟན་པོ་འཕར་ཡོད་པ་རེད། “སྡེ་ཁུལ་གྱི་ཐོན་ལས་འཕེལ་རྒྱས་ཡག་པོ་བྱུང་ན། ང་ཚོའི་འཚོ་བ་ཇེ་ལེགས་ནས་ཇེ་ལེགས་སུ་འགྲོ་གི་རེད”ཅེས་ཞོལ་ཁང་སྡེ་ཁུལ་གྱི་ཡུལ་མི་བྱམས་པ་བཀྲ་ཤིས་ཀྱིས་དགའ་སྤྲོའི་ངང་བཤད།
ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་ཞིང་འབྲོག་ཁུལ་གྱི་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་ཤུགས་ཆེན་དང་། ཞིང་འབྲོག་ལས་ཀྱི་ཕན་འབྲས་ཆེ་རུ་དང་ཞིང་འབྲོག་པའི་ཡོང་འབབ་མང་དུ་འགྲོ་བར་སྐུལ་འདེད་བཏང་ནས། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་ཡོད་པ་རེད།
གྲོང་གསེབ་དར་རྒྱས་གཏོང་བའི་སྒང་ཡིན་པས། མཛེས་སྡུག་འཚོ་བ་མངོན་འགྱུར་ཐུབ་རེ་ཡོད། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བ་དང་བསྟུན་ནས། མཛེས་སྡུག་ལྡན་པའི་གྲོང་ཚོ་མང་པོ་ས་མཐོ་ཡངས་པོ་འདིར་ཐོན་བཞིན་མཆིས།