དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་ཀྱིས་ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། འཛད་སྤྱོད་ཀྱི་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ནས་དཔལ་འབྱོར་རྒྱུན་མཐུད་བརྟན་ཐོག་ལེགས་འཕེལ་ཡོང་བར་སྐུལ་འདེད་བཏང་བ།

    ས་མཐོའི་དཔལ་འབྱོར་གསོན་ཤུགས་རབ་ཏུ་འཕེལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-06

    ན་ནིང་ལོ་སྟོད་དུ། ཀྲུང་ཅུས་སྨན་བཅོས་ཚན་རྩལ་ཀུང་སིའི་མ་དངུལ་ཡོངས་བཞག་ཡན་ལག་ཀུང་སི་སྟེ། བོད་ལྗོངས་ཀྲུང་ཅུས་སྨན་བཅོས་ཚན་རྩལ་ཚད་ཡོད་ཀུང་སི་ལྷ་སར་ཐོ་འགོད་ཀྱིས་བཙུགས་པ་དེས་ས་མཐོའི་གསོ་རླུང་བཟོ་བའི་ཁྱབ་ཁོངས་ལ་སྟོབས་ཤུགས་གསར་པ་ཆེན་པོ་ཞིག་བསྣན་ཡོད། “བོད་ཀྱིས་བཏོན་པའི‘སྐལ་བཟང་མེ་ཏོག་བྱ་སྤྱོད’སོགས་ཁེ་ལས་ཁྲོམ་རར་ཞུགས་པར་རོགས་སྐྱོར་བྱེད་པའི་སྲིད་ཇུས་རབ་དང་རིམ་པ་ཡོད་པའི་ཁར། ས་མཐོའི་ཁུལ་དུ་གསོ་རླུང་གི་དགོས་མཁོ་ཧ་ཅང་ཆེན་པོ་ཡོད་པ་ལས་ང་ཚོས་འདིར་མ་དངུལ་བཏང་ནས་བཟོ་གྲྭ་འཛུགས་རྒྱུའི་ཐག་བཅད་པ་ཡིན”ཞེས་བོད་ལྗོངས་ཀྲུང་ཅུས་སྨན་བཅོས་ཚན་རྩལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཝང་ཁྲེང་གིས་བཤད།

    ཉིན་རེ་བཞིན་ལེགས་སུ་འགྲོ་བའི་ཚོང་གཉེར་ཁོར་ཡུག་དང་ཡངས་ཤིང་རྒྱ་ཆེ་བའི་ཁྲོམ་རའི་མདུན་ལམ་ལས་ཀྲུང་ཅུས་སྨན་བཅོས་ཚན་རྩལ་ཀུང་སི་སོགས་ཁེ་ལས་མང་པོ་ཞིག་གིས་གཅིག་རྗེས་གཉིས་མཐུད་ངང་བོད་དུ་ཀུང་སི་འཛུཌ་རྒྱུའི་གདམ་ག་བྱས་ཡོད། ན་ནིང་གི་དུས་ཚིགས་དང་པོ་ནས་གསུམ་པའི་བར་བོད་ཀྱི་དམངས་ཁྲོད་མ་འཇོག་འཕར་ཚད་67.6%ཟིན་ཏེ། དཔལ་འབྱོར་གྱི་གསོན་ཤུགས་དང་ནང་སྐྱེས་སྒུལ་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་ས་མཐོའི་དཔལ་འབྱོར་ལས་བརྟན་པོ་དང་། སྐྱོན་བྲལ། ལེགས་འཕེལ་བཅས་ཀྱི་རྣམ་པ་བཟང་པོ་མངོན་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ན་ནིང་དུས་ཚིཌ་དང་པོ་ནས་གསུམ་པའི་བར་གྱི་ལྗོངས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་འཕར་ཚད་6.2%ཟིན་པ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་1.4བརྒལ་ཡོད་པ་རེད། 2024ལོའི་ཟླ་9པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱི་གཉེར་སྐྱོང་བྱེད་པོ་བསྡོམས་འབོར་ཁྲི་53.8བར་འཕར་ནས་དུས་མཚུངས་ལས་11.54%འཕར་ཡོད་པ་རེད།

    མ་འཇོག་ནུས་ལྡན་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

    ན་ནིང་རྣམ་གྲངས་ལ་མ་འཇོག་བྱ་རྒྱུ་དེ་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་སེམས་ནུས་གཅིག་སྒྲིལ་གྱིས་རྣམ་གྲངས་ལ་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དེས་བོད་ཀྱི་དཔལ་འབྱོར་ལོ་འཁོར་མོར་བརྟན་པོའི་ངང་འཁོར་རྒྱུག་བྱེད་པར་འདེགས་སྐྱོར་བརྟན་པོ་བྱས་ཡོད། ལྷ་ས་གྲོང་ཁྱེར་གདོང་དཀར་བཙོག་ཆུ་གཙང་གསིང་བཟོ་གྲྭ་ནས་ཉིང་ཁྲི་གྲོང་ཁྱེར་ཡུལ་མཇུག་ཡུག་ཁུལ་གྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་རྟེན་གཞིའི་བར་དང་། དེ་ནས་མཚོ་ཆེན་རྫོང་གྲོང་གི་ནུས་རྒྱུ་གཙང་མའི་གཅིག་སྡུད་དྲོད་གཏོང་ཚོད་ལྟའི་རྣམ་གྲངས་བར་འདི་ལོ་ཚུན་དུ་བོད་ཀྱིས་རྨང་གཞིའི་སྒྲིག་བཀོད་དང་། དེང་རབས་ཞབས་ཞུའི་ལས་རིགས། དམངས་འཚོའི་ལས་གྲྭ་འཛུགས་སྐྲུན་བཅས་ལ་དམིགས་ནས་ས་ཆ་མང་པོ་ཞིག་གིས་གཙོ་གནད་མ་འཇོག་རྣམ་གྲངས་ལ་སྐུལ་འདེད་བཏང་ཡོད་པ་རེད།

    ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཕོ་བྲང་ཤང་སྒེར་ལྷ་གྲོང་ཚོའི་ཧུང་ནུང་རིག་ནུས་ཅན་གྱི་བོད་བྱ་ཐོན་ལས་གླིང་དུ་སྐྱོད་སྐབས་རང་འགུལ་ཅན་གྱི་གསོ་ཚགས་སྒྲིག་ཆས་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་བྱེད་བཞིན་འདུག ཧུའུ་པེ་ཞིང་ཆེན་གྱི་བོད་སྐྱོར་རུ་ཁག་ཁག་དགུ་པས་ནང་འདྲེན་བྱས་པའི་རྣམ་གྲངས་ཤིག་ཡིན་པའི་ངོས་ནས།

    ཐོན་ལས་གླིང་དེ་ལས་ཉིན་རེར་སྒོ་ང་སོས་པ་ཁྲི་60ལྷག་ཙམ་དང་ལོ་རེར་སྐྱེ་ལྡན་ལུད་ཏུན་ཁྲི་3ལྷག་ཙམ་ཐོན་གྱི་ཡོད་པ་རེད། “བོད་དུ་མ་འཇོག་བྱེད་མཁན་ཁེ་ལས་ཤིག་གི་ངོས་ནས་བོད་ཀྱི་ས་གནས་ཁག་གིས་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བའི་ཆོད་སེམས་གཏིང་ཟབ་ཚོར་གྱི་འདུག རྣམ་གྲངས་ལག་བསྟར་བྱས་རྗེས་ས་གནས་དེ་གའི་སྲིད་གཞུང་དང་དངུལ་རྩའི་སྒྲིག་གཞིས་ང་ཚོར་གཟིགས་སྐྱོང་སྲིད་ཇུས་དང་སྟབས་བདེའི་བྱེད་ཐབས་རབ་དང་རིམ་པ་བཏོན་པས། བོད་དུ་མ་འཇོག་བྱེད་པའི་ཡིད་ཆེས་ཆེ་རུ་ཕྱིན་སོང”ཞེས་བོད་ལྗོངས་ཧུང་ནུང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཀྲང་ཧུང་ལིན་གྱིས་བཤད།

    ཚན་རྩལ་ནུས་སྤྲོད་ལ་བརྟེན་ནས་སྲོལ་རྒྱུན་ཐོན་ལས་ཀྱི་རྣམ་པ་གསར་པ་བཏོད་པ།

    “སྔོན་ཆད་ནས་འབྲུ་མང་ཆེ་བ་རྩམ་པ་བཏགས་ནས་སོ་སོ་བེད་སྤྱོད་བྱེད་ཀྱི་ཡོད། ད་ཆ་ནས་ཀྱི་ཏན་ཞིམ་དང་། ནས་ཀྱི་ཞོ། ནས་ཀྱི་མེན་པའོ་སོགས་ཐོན་རྫས་མང་པོ་བཟོ་གི་ཡོད་པ་དང་། ཐོན་རྫས་ཕུན་སུམ་ཚོགས་སུ་ཕྱིན་པས། ཕྱིར་ཚོང་གི་ཐབས་ལམ་ཡངས་སུ་ཕྱིན་པ་དང་། ཡོང་འབབ་ཀྱང་མང་དུ་འགྲོ་བཞིན་འདུག”ཅེས་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ལྕང་ར་ཤང་ལྕང་ར་གྲོང་ཚོའི་གྲོང་མི་སྐལ་བཟང་གིས་བཤད།

    ན་ནིང་ཟླ་བརྒྱད་པར། བོད་ལྗོངས་ནས་ཞིབ་འཇུག་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་འབྲུ་རིགས་ཆེད་སྤྱོད་ཐོན་སྐྱེད་ལས་རིམ་རྒྱལ་རྩེ་རྫོང་དུ་བཙུགས་པ་དེས་ནས་ཕྱེའི་ཆེད་སྤྱོད་ཐོན་སྐྱེད་ལས་རིམ་གྱི་སྟོང་ཆ་བསྐངས་ཡོད་པ་རེད། ཐོན་སྐྱེད་ལས་རིམ་གསར་པ་སྤྱོད་འགོ་ཚུགས་རྗེས། ལོ་རེར་སྤུས་ལེགས་ནས་ཕྱེ་ཏུན་ཁྲི་1.3དང་ནས་བསྲེགས་ཕྱེ་མ་ཏུན་ཁྲི་2.6ལྷག་ཙམ་ཐོན་སྐྱེད་ཐུབ་པ་དང་། ཚང་མ་ཐོན་སྐྱེད་བྱས་ཚེ་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་3ལྷག་ཙམ་གཏོད་ཐུབ་རྒྱུ་ཡིན་པ་རེད།

    སྲོལ་རྒྱུན་ཐོན་ལས་ནས་ཐོན་རྫས་གསར་པ་ཐོན་སྐྱེད་བྱེད་པའི་བར་དང་། ལག་རྩལ་རྗེས་ལུས་ནས་རིག་ནུས་ཅན་གྱི་གསོ་སྤེལ་བར། རང་མཁོ་རང་འདོན་ནས་འབབ་འཕར་ཕྱུག་འགྱུར་བར་སོགས་2024ལོ་ཚུན་དུ་བོད་ཀྱིས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་གཙོ་གནད་དུ་བཟུང་སྟེ་ཚན་རིག་ལག་རྩལ་བཀོལ་སྤྱོད་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ཐོག ཚན་རྩལ་གྱི་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་བཏང་ནས་སྲོལ་རྒྱུན་ཐོན་ལས་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་བཏང་ཡོད་པ་རེད།

    ན་ནིང་གི་དུས་ཚིགས་གསུམ་པའི་དུས་མཇུག་བར། བོད་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་13547ཟིན་ནས་དུས་མཚུངས་ལས་8.2%འཕར་ཏེ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད། སྔོན་དཔག་ལྟར་ན། ལོ་ཧྲིལ་པོར་མི་རེའི་ཡོང་འབབ་སྒོར་ཁྲི་གཉིས་ལས་ཐོག་མར་བརྒལ་རེ་ཡོད་པ་རེད།

    སྤུས་མཐོའི་འཛད་སྤྱོད་ལ་བརྟེན་ནས་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱས་པ།

    རྙིང་པ་གསར་པ་བརྗེས་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་ནི་ན་ནིང་ལོ་སྨད་ཀྱི་ལས་ཀའི་གཙོ་གནད་ཅིག་རེད། བོད་ཀྱིས་དོན་དངོས་དང་ཟུང་འབྲེལ་གྱིས་ཀྲུང་དབྱང་ནོར་སྲིད་ཀྱི་དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་གྱི་རྒྱབ་སྐྱོར་མ་དངུལ་བེད་སྤྱོད་ཡག་པོ་བྱས་ཏེ། རླངས་འཁོར་ནུས་རྒྱུ་གཙང་མའི་རླངས་འཁོར་ལ་སྒྱུར་བ་དང་། ཁྱིམ་སྤྱོད་གློག་ཆས་རིག་ནུས་ཅན་དུ་སྒྱུར་བ། ཁྱིམ་ཚང་གི་སྒྲིག་ཆས་དང་ཐབ་ཚང་དང་གསང་སྤྱོད་ཀྱི་ཅ་ལག་རྙིང་པ་གསར་པར་བརྗེ་བ། ཕྱིར་བསྡུའི་ཞབས་ཞུ་ཕྱོགས་བཞིར་ཁྱབ་པ་བཅས་ལ་སྐུལ་འདེད་ཧུར་ཐག་བཏང་ནས། རྒྱབ་སྐྱོར་གྱི་ཁྱབ་ཁོངས་སྔར་བས་རྒྱ་སྐྱེད་གཏོང་བ་དང་། ཁ་གསབ་ཀྱི་ཚད་གཞི་མཐོ་རུ་གཏོང་བ། ཁ་གསབ་ཀྱི་བྱེད་སྟངས་ལེགས་སུ་གཏོང་བ་བཅས་བྱས་པས། ལྗོངས་ཡོངས་ཀྱི་འཛད་རྫས་རྙིང་པ་གསར་བརྗེས་སྲིད་ཇུས་ཀྱི་ཕན་འབྲས་མགྱོགས་མྱུར་མངོན་པ་རེད།

    “སྒོར་ཁྲི་20ལྷག་ཙམ་སྤྲད་པའི་ནུས་རྒྱུ་གསར་པའི་རླངས་འཁོར་འདི་ན་ནིང་ཟླ་9པའི་ཟླ་མཇུག་ཏུ་ངས‘རྙིང་པ་གསར་བརྗེས’ཀྱི་སྲིད་ཇུས་བརྒྱུད་ཉོས་པ་ཡིན། ད་ཆ་སྲིད་ཇུས་ཡག་པོ་ཡོད་པས། རླངས་འཁོར་གསར་པ་ཉོས་པར་ཁ་གསབ་སྒོར་ཁྲི་2ཡོད་པ་མ་ཟད། རླངས་འཁོར་རྙིང་པ་བེད་མེད་དུ་བཏང་བ་ཡང་ཁ་གསབ་སྒོར་1000ཡོད་པས་དངོས་གནས་ཕན་ཆེན་པོ་ཐོགས་ཀྱི་འདུག”ཅེས་ཉིང་ཁྲིའི་གྲོང་མི་ཏོན་ཆི་ཧའོ་ཡིས་བཤད།

    རྙིང་པ་གསར་བརྗེས་བྱེད་སྒོ་ཕུད། སྲིད་གཞུང་གི་འཛད་སྤྱོད་འཛིན་ཤོག་གི་ཁ་གསབ་སྤྲོད་པའི་བྱེད་སྒོར་ཡང་རྒྱ་ཆེའི་ཚོང་ཁང་དང་། སྒོ་རྩིས་ཚོང་ཁང་། འཛད་སྤྱོད་པ་བཅས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད། “འཛད་སྤྱོད་འཛིན་ཤོག་གི་ཁ་གསབ་བྱེད་སྒོར་ཞུགས་རྗེས། ཚོང་ཇེ་ཡག་ཏུ་ཕྱིན་ནས་ཟླ་རེའི་ཡོང་འབབ་ཀྱང་དེ་སྔའི་སྒོར་ཁྲི་1ནས་ད་ལྟའི་སྒོར་ཁྲི་4ནས་ཁྲི་5བར་མང་དུ་ཕྱིན་སོང”ཞེས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཕུན་བཟང་ཁྱིམ་ཆས་ཚོང་ཁང་གི་སྦྱིན་བདག་ཕུན་ཚོགས་བཟང་པོས་དེ་ལྟར་བཤད།

    ན་ནིང་རང་ལྗོངས་ཀྱིས་འཛད་སྤྱོད་ལ་དམིགས་ནས《བོད་རང་སྐྱོང་ལྗོངས་ཀྱི་2024ལོའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་འགའ་ཞིག》སོགས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་མང་པོ་བཏོན་ཏེ། འཛད་སྤྱོད་ལ་སྐུལ་སྤེལ་དང་འཛད་སྤྱོད་ཀྱི་རྣམ་པ་གསར་པ་གཏོད་པར་རམ་འདེགས་བྱས་ནས་འཛད་སྤྱོད་ཁྲོམ་ར་རྒྱུན་མཐུད་བསྐྱར་འཕར་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།