དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་ལྗོངས་ཧྲང་ཁྲུའུ་ཀུང་སིའི་སྤུས་ཚད་ཚོད་འཛིན་ལག་རྩལ་པུའི་ཤང་ཙེ་དབྱི་ཡིས་བརྗོད་དོན།

    ས་མཐོའི་ཐབ་ཆས་དཔེ་གསར་དེ་བས་མང་བ་བཟོ་གི་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-06

    བོད་ལྗོངས་ཧྲང་ཁྲུའུ་ཐབ་ཆས་ཚན་རྩལ་ཚད་ཡོད་ཀུང་སིའི་སྤུས་ཚད་ཚོད་འཛིན་ལག་རྩལ་པུའི་ཀྲུའུ་རེན་ཤང་ཙེ་དབྱི་ཡི་2024ལོའི་བརྗེད་པར་དཀའ་བའི་དོན་དག་གཅིག་ནི་རང་འགུལ་ཅན་གྱི་ཇ་སྲུའི་འཕྲུལ་ཆས་དཔེ་གསར་ཞིབ་འཇུག་གསར་སྤེལ་བྱས་ནས་ཁྲོམ་རར་བཏོན་པ་དེ་རེད།

    2024ལོའི་ལོ་སྟོད་དུ་ཤང་ཙེ་དབྱི་དང་ཚོགས་པའི་མི་སྣས་ཉིན་མཚན་མེད་པར་ཚོད་ལྟ་ཁང་དང་། ཐོན་སྐྱེད་འཁོར་ཁང་། ཚོགས་ཁང་བཅས་སུ་ཚོད་ལྟ་གྲངས་མེད་བྱས་ནས་ལག་རྩལ་དཔྱད་གྲངས་ལ་ཞིབ་འཇུག་དང་ཐོན་སྐྱེད་ཀྱི་ཞིབ་ཕྲའི་གནས་ཚུལ་ལ་གྲོས་བསྡུར་བྱས་པས་ཟླ་7པའི་ཟླ་མཇུག་ཏུ་ས་མཐོའི་ཇ་སྲུའི་འཕྲུལ་ཆས་ཐོན་སྐྱེད་བྱེད་འགོ་ཚུགས་པ་རེད།

    “ང་ཚོས་ཇ་སྲུའི་འཕྲུལ་ཆས་ནང་ས་བབ་སྙོམས་སྒྲིག་ཉིང་ལྷེབ་དང་རླུང་གནོན་སྙོམས་སྒྲིག་ཉིང་ལྷེབ་སྒྲིག་སྦྱོར་བྱས་ཡོད་པས་ས་བབ་དང་རླུང་གནོན་མི་འདྲ་བར་གཞིགས་ནས་ཆུའི་དྲོད་ཚད་ཏུའུ་90ཡས་མས་སུ་སླེབས་ཐུབ་པ་མ་ཟད། ཇ་བསྲུབས་མ་བཟོ་ཐུབ་པས། སྟབས་བདེ་བ་དང་བློ་བདེ་པོ་ཡོད” མིག་སྔར་ཉིན་རེར་རང་འགུལ་ཅན་གྱི་ཇ་སྲུའི་འཕྲུལ་ཆས་གསར་པ་2000ནས་3000ཡས་མས་ཐོན་སྐྱེད་བྱེད་ཐུབ་པ་དང་། ཁྲོམ་རའི་སིལ་ཚོང་རིན་གོང་སྒོར་1299ཡིན། ས་མཐོའི་ཐབ་ཆས་རྙིང་པ་གསར་བརྗེས་ཀྱི་བྱེད་སྒོ་དང་ཁ་གསབ་ལ་བརྟེན་ནས་རང་འགུལ་ཅན་གྱི་ཇ་སྲུའི་འཕྲུལ་ཆས་གསར་པའི་རིན་གོང་ལ་སྒོར་360ལས་སྤྲོད་དགོས་མེད།

    འདི་ནི་ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་ས་མཐོའི་ནུས་མང་ཐབ་ཆས་གསར་པ་གཙོ་གནད་ཞིབ་འཇུག་གསར་སྤེལ་དང་ཁྱབ་གདལ་བཏང་བའི་གྲུབ་འབྲས་གཞན་ཞིག་རེད།

    བོད་ལྗོངས་ཧྲང་ཁྲུའུ་ཐབ་ཆས་ཚན་རྩལ་ཚད་ཡོད་ཀུང་སི་ནི་བོད་ཀྱི་ས་མཐོའི་ནུས་མང་ཐབ་ཆས་ཐོན་སྐྱེད་བྱེད་མཁན་ཁེ་ལས་ཐོག་མ་དེ་ཡིན་པའི་ངོས་ནས། ནུས་མང་དབུགས་རྡིག་དང་དེ་བཞིན་འབྲེལ་ཡོད་ཐོན་རྫས་ཀྱི་ཐོན་སྐྱེད་ལས་རིམ་10བསྐྲུན་ཏེ་ས་མཐོའི་རླངས་བཙོས་སྒམ་དང་། ས་མཐོའི་གློག་གི་ཆུ་བསྐོལ་ཆས། ས་མཐོའི་ཕྱི་རོལ་མཁོ་ཆས་སོགས་རིགས་7གྱི་ཐོན་རྫས་སྣ་ཁ་30ལྷག་ཙམ་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་བྱས་པར་ཕྱིར་ཚོང་རིན་གོང་སྒོར་དུང་ཕྱུར་4.1ཙམ་ཟིན་ཡོད་པ་རེད།

    ཐོན་རྫས་གསར་པ་ཐོན་སྐྱེད་བྱེད་འགོ་ཚུགས་དུས་ཤང་ཙེ་དབྱི་ལས་བྲེལ་སྔར་བས་ཆེ་རུ་སོང་ཞིང་། ཁོང་གིས“ཐོན་རྫས་གསར་པ་དོན་ཐེངས་རེར་འཛད་སྤྱོད་པའི་ཡིད་ཚིམས་པའི་འཛུམ་མདངས་རེ་རེ་ནི་ངའི་ལས་ཀའི་སྒུལ་ཤུགས་ཆེ་ཤོས་ཡིན”ཞེས་བཤད། ཐོན་སྐྱེད་ལས་རིམ་ཐོག་གི་ལག་རྩལ་ལ་ཚོད་འཛིན་བྱེད་པ་ཕུད། ཁོང་རྟག་ཏུ་ཕྱིར་ཚོང་གི་འཐབ་ས་དང་པོར་ངོ་མ་བསྐྱོད་དེ་འཛད་སྤྱོད་པས་བཏོན་པའི་བསམ་འཆར་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཉེ་ཆར་ཤང་ཙེ་དབྱི་དང་ཁོ་པའི་ཚོགས་པ་རྙིང་པ་གསར་བརྗེས་ཀྱི་ཕྱིར་ཚོང་ས་ཚིགས་དང་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་དེ་འཛད་སྤྱོད་པའི་བེད་སྤྱོད་ཉམས་ལེན་ཤེས་རྟོགས་ཞིབ་ཕྲ་བྱས་པ་མ་ཟད། མང་ཚོགས་ཀྱི་ས་མཐོའི་ཇ་སྲུའི་འཕྲུལ་ཆས་སོགས་ཐོན་རྫས་གསར་པའི་བསམ་འཆར་བསྡུ་ལེན་ཡང་བྱས་པ་རེད།

    ཤང་ཙི་དབྱིས“མི་སེར་གྱི་ཐབ་ཆས་ཡག་པོའི་དགོས་མཁོ་ནི་ང་ཚོས་ཐོན་རྫས་ཞིབ་འཇུག་དང་གསར་སྤེལ་བྱེད་པའི་ཁ་ཕྱོགས་ཡིན། དུས་ཐོག་ཏུ་མང་ཚོགས་ཀྱི་གཡོས་སྦྱོར་དགོས་མཁོ་ཤེས་རྟོགས་བྱ་རྒྱུ་ནི་རྗེས་མཐུད་ཀྱི་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་ལག་རྩལ་གསར་གཏོད་ཀྱི་ཁ་ཕྱོགས་ཀྱང་ཡིན། མང་ཚོགས་ཀྱི་དགོས་མཁོར་གཞིགས་ནས་ཐོན་རྫས་གསར་བརྗེས་དང་རིམ་འཇུག་མངོན་འགྱུར་ཡོང་བ་བྱེད་པ་ནི་ཀུང་སིའི“ཐབ་ཚང་གཡོས་སྦྱོར་གྱི་འདོད་ཚུལ་གསར་རྐྱང་ཞིག་དང་ས་མཐོའི་མཛེས་སྡུག་ལྡན་པའི་འཚོ་བར་རམ་འདེགས་བྱེད་པའི་མངོན་མཚོན་ཅན་ཞིག་དེ་བས་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།