དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དཀའ་ཚེགས་ཆེ་བའི་ལམ་སྐྱོང་དུམ་བུ་རུ། དམར་མདངས་བཀྲ་བའི་དར་དམར་ལྷབ་ལྷུབ་གཡོ།

    ​བོད་ཀྱི“ཤར་སྒོ་ཆེ་མོའི”ལམ་སྐྱོང་སྐོར་གྱི་གཏམ་རྒྱུད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-05

    དགུན་གྱི་དྲོ་འཇམ་ཉི་འོད་འཕྲོ་བའི་བོད་ཤར་རྒྱུད་ཆབ་མདོའི་མུ་ལ་མུ་ཁྱུད་ཀྱི་རི་ལམ་ཀྱག་ཀྱོག་ནས་ཐོན་པ་དང་གནམ་མཐའི་ཕྱོགས་སུ་རིམ་གྱིས་སྣུར་སྲིང་བྱས་པའི་གཞུང་ལམ་འདི་ནི་རྒྱལ་ལམ་317དང་ལོ་70ཡི་གོང་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པའི་ཁྲོན་བོད་གཞུང་ལམ་གྱི་ལམ་ཐིག་བྱང་མ་དེ་རེད།

    1954ལོར་བསྐྲུན་པའི་ཁྲོན་བོད་དང་མཚོ་བོད་གཞུང་ལམ་གྱིས“རི་བོ་མཐོན་པོ་མགོ་བོ་སྒུར་དུ་འཇུག ཆུ་བོ་ཆེན་པོ་ལམ་གཟུར་དུ་འཇུག”ཅེས་པ་ལྟར་བོད་ལ་དེང་རབས་ཀྱི་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད། དེའི་ནང་ཁྲོན་བོད་གཞུང་ལམ་གྱི་ལམ་ཐིག་བྱང་མས་འབྲི་ཆུ་བརྒལ་ནས་བོད་ཀྱི“ཤར་སྒོ་ཆེ་མོ”ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྐམ་ཐོག་གྲོང་རྡལ་སྐམ་ཐོག་གྲོང་ཚོའི་ཕྱོགས་སུ་སྐྱོད་སྐབས། བོད་ཀྱི་སྐར་ལྔའི་དར་དམར་དང་པོ་དེ་1950ལོར་དེ་གར་མཐོན་པོར་བསྒྲེངས་ཡོད།

    “མཁའ་ལམ”དེའི་རྒྱུད་དུ་ཏའོ་པན་གྱི་སྡོད་ཁང་རྙིང་པ་སྔར་བཞིན་འགྱིང་ངེར་གནས་པ་དང་རྒྱལ་དར་ཁང་སྟེང་དུ་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས།

    ལོ་37ལ་སླེབས་པའི་བསོད་ནམས་ཆོས་འཕེལ་ནི་ཆབ་མདོའི་གཞུང་ལམ་བྱ་གཞག་འཕེལ་རྒྱས་དང་འཕྲལ་སྡོམ་འགན་ལེན་ལྟེ་གནས་འཇོ་མདའ་བདག་སྐྱོང་དུམ་བུའི་ལས་ཁུལ་དང་པོའི་འགན་འཁུར་བ་ཞིག་ཡིན་ལ། སྐམ་ཐོག་གྲོང་རྡལ་གྱི་ལམ་སྐྱོང་བ་མི་རབས་གསུམ་པ་དེའང་རེད།

    བསོད་ནམས་ཆོས་འཕེལ་ཆུང་བྱིས་པའི་དུས་ནས་རྒྱལ་ལམ་རྒྱུད་ནས་འགྲོ་འོང་བྱེད་མཁན་རླངས་འཁོར་ལ་ལྟ་རྒྱུར་དགའ་པོ་ཡོད། “སྐབས་དེ་དུས་རླངས་འཁོར་ཉུང་བས་རླངས་འཁོར་མཐོང་རིམ་བཞིན་ཧ་ཅང་དགའ་པོ་ཡོང་གི་ཡོད”རྒྱལ་ལམ་ནི་སྔོན་ཆད་ས་རྡོའི་ལམ་ཡིན་པས་དབྱར་ཁར་ཆར་པ་ཡང་ཡང་བབས་ནས་ལམ་བརྡིབས་ཏེ་རླངས་འཁོར་འགྲོ་སྐྱོད་དཀའ་བ་དང་གལ་སྲིད་རི་ཉིལ་བ་དང་འདམ་རྡོའི་ཆུ་རུད་ཐོན་ཚེ་རྒྱལ་ལམ་ཆུས་བསྣུབས་ནས་སྐྱོད་ཐབས་བྲལ་ཡོད་ཅེས་བསོད་ནམས་ཆོས་འཕེལ་གྱིས་ཕྱིར་དྲན་བྱེད་བཞིན་བཤད།

    “ང་ཚོས་ཆུ་ཚོད་24ཡི་རིང་བཀའ་བསྒུགས་ནས་སྡོད་ཀྱི་ཡོད། སྐབས་རེ་ཐོ་རེངས་སུ་ཐོལ་བྱུང་གི་གནས་ཚུལ་འཕྲད་སྐབས་མཚན་མོ་དེ་རང་དུ་ལམ་མྱུར་བཟོ་བྱས་ནས། ནམ་མ་ལངས་གོང་རླངས་འཁོར་ཤར་གཏོང་ཐུབ་པ་བྱེད་ཀྱི་ཡོད” བསོད་ནམས་ཆོས་འཕེལ་གྱིས་ཕ་མེས་ཀྱི་དུས་སུ་འཇོར་དང་སྦྱག་མ་སོགས་སྤྱིར་བཏང་གི་ལག་ཆ་ལས་མེད་པ་དང་། དགུན་ཁར་ལམ་ངོས་འཁྱཌ་པ་ཐེབས་པས་འཁྱགས་ཞུའི་ཡོ་ཆས་མེད་སྟབས་དེའི་སྟེང་ས་གཤོས་ནས། རླངས་འཁོར་གྱི་འཁོར་ལོ་འདྲེད་བརྡར་མི་ཤོར་བ་བྱེད་ཀྱི་ཡོད་ཅེས་བཤད།

    2009ལོར་རིང་ཚད་སྤྱི་ལེ་21ཙམ་ཡོད་པའི་འཇོ་མདའ་བདག་སྐྱོང་དུམ་བུའི་ལས་ཁུལ་ཞིག་གིས་རྒྱལ་ལམ་317གྱི་བོད་ཀྱི་མངའ་ཁོངས་ཀྱི་ཏའོ་པན་དང་པོ་ཚུད་པའི་ཏའོ་པན་གཉིས་བསྡུ་སྒྲིལ་བྱས་པ་དང་། ལོ་དེར་རྒྱལ་ལམ་དེ་ས་རྡོའི་ལམ་ནས་སྲ་ཞིང་བརྟན་པའི་སྣུམ་ནག་ལམ་དུ་གྱུར་ཡོད།

    “ལམ་ནི་ང་ཚོའི་ངོས་ནས་བརྗོད་ན་ཧ་ཅང་གལ་ཆེན་པོ་རེད། ལམ་ཡག་པོའི་ཐོག་སྐྱེལ་འདྲེན་ལས་ལ་གཞོལ་ཚེ་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་ལྔ་དྲུག་ཙམ་ཡོང་གི་འདུག”ཅེས་སྐམ་ཐོག་གྲོང་ཚོའི་གྲོང་མི་ཟླ་ཆོས་ཀྱིས་བཤད། སྐམ་ཐོག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ངག་དབང་རྒྱལ་མཚན་གྱིས་གྲོང་ཚོ་ཡོངས་ལ་དུད་ཚང་92ཡོད་པ་དེར་ལྗིད་ཐེག་རླངས་འཁོར་170ལྷག་ཙམ་ཡོད། བོད་ཀྱི་བཅིངས་འགྲོལ་གྲོང་ཚོ་དང་པོར་གྲགས་པའི་གྲོང་ཚོ་དེར་ཁྱིམ་ཚང་ཚང་མས་རྒྱལ་དར་བཙུགས་ཡོད་ཅེས་ངོ་སྤྲོད་བྱས།

    གཞུང་ལམ་ཐོག་རླངས་འཁོར་གྱི་རྒྱུན་ཆད་རྒྱུ་མེད་ཅིང་། “ལོ་དེ་དག་ནང་དེ་གར་ཡུལ་སྐོར་དུ་ཡོང་མཁན་མང་དུ་ཕྱིན་པ་མ་ཟད། བཟོ་ལྟ་མཛེས་པའི་ནུས་རྒྱུ་གསར་པའི་རླངས་འཁོར་ཡང་མང་དུ་ཕྱིན་ཡོད། ང་ཚོས་འགན་ལེན་བྱེད་པ་ནི་ས་གནས་དེ་གའི་གྲོང་མི་དང་ཡུལ་སྐོར་བའི་བདེ་སྐྱིད་ཀྱི་ལམ་བུ་ཡིན་པས་སྤོབས་པ་ཆེན་པོ་སྐྱེ་ཡི་འདུག”ཅེས་ལས་ཁུལ་གྱི་བཟོ་པ་འཆི་མེད་གཡུ་སྒྲོན་གྱིས་བཤད།

    ད་ཆ་སྨི་ངོས་གྲུ་བརྒྱ་ཕྲག་ཁ་ཤས་ཡོད་པའི་དེང་རབས་ཅན་གྱི་ལས་ཁུལ་གྱིས་དེ་སྔའི་གུ་དོག་པའི་རྫ་གཡམ་ཁང་པའི་ཚབ་བྱས་ཤིང་། ལས་ཁུལ་གྱི་སྒོ་རའི་ནང་ས་བླུག་འཕྲུལ་འཁོར་དང་རྐོ་འདྲུའི་འཕྲུལ་འཁོར་ཡོད་པ་མ་ཟད། འཚོ་བའི་ཐོག་ཁང་དང་བྱེད་སྒོ་ཁང་ཡང་ཧ་ཅང་སྐྱིད་སྣང་དོད་པོ་ཡོད།

    རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་གྲངས་གཞི་ལས་མངོན་པར། 1953ལོ་ནས་2023ལོ་བར་རྒྱལ་ཁབ་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་3250.96བོད་ཀྱི་གཞུང་ལམ་འགྲིམ་འགྲུལ་འཛུགས་སྐྲུན་ཐད་སྤྱད་པ་དང་། 2024ལོའི་ཟླ་7པའི་ཟླ་མཇུག་བར་བོད་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་12.33ཟིན་ཡོད།

    འཕྲུལ་ཆས་བཀོལ་སྤྱོད་ཀྱིས་ལག་ཆ་དཀྱུས་མ་སྤྱད་ནས་ལམ་བཟོ་བའི་ཚབ་བྱས་པ་དང་ལས་ཁུལ་གྱིས་ཏའོ་པན་གྱི་ཚབ་བྱས་མོད། འོན་ཀྱང་ཐོག་བརྩེགས་སྟེང་གི་སྐར་ལྔའི་དར་དམར་སྔར་བཞིན་བཀྲག་མདངས་ལྡན་ཞིང་། དེས་བདེན་དཔང་བྱས་པའི་གཏམ་རྒྱུད་ནི་རྒྱལ་ལམ་དང་འདྲ་བར་ཧ་ཅང་ངོ་མཚར་ཆེ་ལ་དུས་ཡུན་རིང་བ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།