དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དྲ་ཐོག་ཐད་གཏོང་ཚོང་དོན་གྱིས་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-04

    ཐད་གཏོང་ཁང་གི་བྲིན་ཚོང་དང་བསྟུན་ནས་བོད་ལྗོངས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གི་ཡུལ་མི་བསོད་ནམས་དབྱངས་སྐྱིད་ཀྱིས་བོད་རང་ནས་ཐོན་པའི་བྱུག་རྫས་སྤུས་རྟགས་ག་གེ་མོ་ཞིག་གི་ཐད་གཏོང་ཁང་ནས་རིན་གོང་སྒོར་2000ལྷག་ཙམ་གྱི་ས་མཐོའི་བྱུག་རྫས་མངགས་ཉོ་བྱས་པ་རེད།

    “ཉིན་གཉིས་པར་འབྱོར་བྱུང་། ཐོན་རྫས་ཐད་གཏོང་ཁང་དུ་འགྲེམས་ཚོང་བྱེད་པ་དང་གཅིག་པ་རེད་འདུག”ཅེས་བསོད་ནམས་དབྱངས་སྐྱིད་ཀྱིས་བཤད། དུས་ཕྱོད་དང་། སྤུས་ཚད། ཕབ་ཆ་བཅས་ཀྱི་རྒྱུ་རྐྱེན་དེ་དག་ལས་ཁོང་ཐད་གཏོང་ཁང་ནས་དངོས་ཟོག་ཉོ་རྒྱུར་དགའ་པོ་ཆགས་ཡོད།

    ཉེ་བའི་ལོ་ཤས་རིང་། སྤྱི་ཚོགས་འབྲེལ་གཏུག་དང་། རོལ་རྩེད། མཉམ་འགུལ། མཐོང་ཐོས་ཉམས་ལེན་སོགས་ཀྱི་ངོ་བོ་མང་པོ་མཉམ་འདྲེས་བྱས་པའི་ཐད་གཏོང་དྲ་ཐོག་ཚོང་དོན་ས་མཐོར་མགྱོགས་མྱུར་དར་ཡོད། བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་གྲངས་གཞི་ལས་མངོན་པར། ན་ནིང་ཟླ་དང་པོ་ནས་བཅུ་གཅིག་པའི་བར་ལྗོངས་ཡོངས་ཀྱི་ཐད་གཏོང་ནང་ཞུགས་པའི་ཞིང་ལས་ཐོན་རྫས་དྲ་ཐོག་ནས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར་1.95ཟིན་ཡོད།

    བོད་ལྗོངས་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་དང་ནོར་དཔལ་སློབ་གླིང་གི་ཡོན་ཀྲང་ཁྲེན་ཨའེ་ཏུང་གིས། དྲ་ཐོག་ཐད་གཏོང་ཚོང་དོན་གྱི་ཆ་འཕྲིན་འབྲེལ་གཏུག་མགྱོགས་པ་དང་། ཉོ་ཚོང་སྟབས་བདེ་བ། ཚོང་ཟོག་རྩིས་སྤྲོད་མྱུར་བ་བཅས་ཀྱི་ཁྱད་ཆོས་ལྡན་པས། འཛད་སྤྱོད་པར་གདམ་ག་དེ་བས་མང་བ་དང་། ཐོན་སྐྱེད་བྱེད་མཁན་ལ་རང་ཉིད་ཀྱི་སྤུས་ལེགས་ཐོན་རྫས་འགྲེམས་ཚོང་གི་གོ་སྐབས་དེ་བས་མང་བ་དང་དེ་བས་ལེགས་པ་བྱུང་ནས། ས་མཐོའི་ས་ཁོངས་རྒྱ་ཆེ་བ་དང་ཐོན་རྫས་ཁ་ཐོར་གྱི་ཚོད་འཛིན་ལས་སྒྲོལ་ཏེ། ས་མཐོའི་ནང་ཁུལ་གྱི་ཁྲོམ་རའི་འཁོར་རྒྱུག་ལ་སྐུལ་འདེད་བཏང་བ་དང་བོད་ཀྱི་ཐོན་རྫས་ས་མཐོ་ནས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོར་མཉམ་འདྲེས་དང་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་དུ་སྐྱོད་མགྱོགས་སུ་ཕྱིན་ཡོད། དེའང་དྲ་ཐོག་ཚོང་དོན་གྱིས་ཞིང་ལས་དར་རྒྱས་གཏོང་བ་དང་། བོད་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་གྲོང་གསེབ་དར་རྒྱས་གཏོང་བར་རམ་འདེགས་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།

    ལྗོངས་ཡོངས་ཀྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་ཀྱི་གསོན་ཤུགས་དང་ནང་སྐྱེས་སྒུལ་ཤུགས་སྔར་བས་འཕེལ་བར་བྱ་ཆེད། ན་ནིང་ཟླ་11པ་ནས་12པའི་བར་བོད་ཀྱིས་དྲ་ཐོག་ཐད་གཏོང་ཚོང་དོན་འགྲན་བསྡུར་ཆེན་པོ་སྐབས་དང་པོ་གཉེར་བ་རེད། འགྲན་བསྡུར་ཆེན་པོ་འགོ་ཚུགས་ཚུན་གྱི་ཉིན་24ཡི་ཐོག་མའི་འགྲན་བསྡུར་ནང་ལྗོངས་ཡོངས་ཀྱི་རྫོང་དང་ཆུས་60ཙམ་ནས་ཡོང་བའི་དྲ་ཐོག་ཐད་གཏོང་པ་162ཀྱིས་ཐད་གཏོང་ཟོག་ཚོང་བྱེད་ཚད་སྒོར་ཁྲི་སྟོང་ཡན་ཟིན་ཞིང་། དབྱར་རྩྭ་དགུན་འབུ་དང་། ཤ་སྐམ་པོ། ཀོ་ཤ་སོགས་བོད་ཀྱི་ཞིང་ལས་ཐོན་རྫས་དྲ་ཐོག་ལས་སྟེགས་ནས་འགྲེམས་ཚོང་བྱ་རྒྱུར་སྐུལ་ཁྲིད་བྱས་ནས། འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང“བོད་ཀྱི་ཐོན་རྫས་ཕྱིར་ཚོང”ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་གཏོང་ཟོག་ཚོང་གི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་གང་ལེགས་མངོན་པ་རེད།

    མཐའ་བསྡུར་གྱི་ཆུ་ཚོད་2ཐད་གཏོང་བྱེད་རིང་། ལྷ་ས་ཏེ་ལི་སེ་ཚོང་དོན་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་བདེ་སྐྱིད་སྒྲོལ་མ་དང་ཁོང་གི་ཐད་གཏོང་ཚོགས་པའི་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་55ཟིན་ནས“བོད་ཀྱི་ཐོན་རྫས་མཚམས་སྦྱོར་བ་ཡག་ཤོས”ཀྱི་གསེར་གྱི་བྱ་དགའ་ཐོབ་པ་རེད། ལོ་31ལ་སླེབས་པའི་བདེ་སྐྱིད་སྒྲོལ་མས་ལས་གཏོད་བྱས་ནས་ལོ་11སོང་ཞིང་། ཐོག་མར་ཀུང་སིས་གཙོ་བོ་སྲོལ་རྒྱུན་གྱི་ཕྱིར་ཚོང་ཐབས་ལམ་ལ་བརྟེན་གྱི་ཡོད། ལོ་ལྔའི་གོང་ཀུང་སིས་ཐད་གཏོང་དྲ་ཐོག་ཚོང་དོན་གྱི་འགྲན་ལམ་ཐོག་བསྐྱོད་ནས་ལོ་ལྟར་ཐད་གཏོང་ཚོང་གཉེར་དངུལ་འབོར་སྒོར་ཁྲི་བཞི་སྟོང་ལྔ་སྟོང་ཟིན་གྱི་ཡོད་པ་རེད།

    “ཐད་གཏོང་བརྒྱུད་ང་ཚོ་དང་འཛད་སྤྱོད་པའི་དབར་ཐད་ཀར་མཉམ་འགུལ་ནུས་ལྡན་བྱེད་ཐུབ་པས་ང་ཚོས་འཛད་སྤྱོད་པའི་དགོས་མཁོར་རྒྱུན་ཆད་མེད་པ་གཞིགས་ཏེ། ཐོན་རྫས་གསར་པ་འདོན་པ་དང་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་གཏོང་ཐུབ་ཀྱི་ཡོད”ཅེས་བདེ་སྐྱིད་སྒྲོལ་མས་བཤད། ཁོང་གིས་ཐད་གཏོང་ལས་ཁེ་ལས་དང་འཛད་སྤྱོད་པའི་དབར་འབྲེལ་གཏུག་བྱེད་པའི་འབྲེལ་ཟམ་བསྐྲུན་ནས་ཐོན་རྫས་ཀྱི་ཕན་འབྲས་དང་འཛད་སྤྱོད་པའི་དགོས་མཁོ་གསར་པ་ཐད་ཀར་ལྡོག་འདྲེན་ཐུབ་པས། ཁེ་ལས་དང་སྤུས་རྟགས་འཚར་ལོངས་ཡོང་བར་སྐུལ་འདེད་ཐུབ་ཡོད། འབྱུང་འགྱུར་ང་ཚོས་དྲ་ཐོག་ཐད་གཏོང་ཚོང་དོན་ལ་བརྟེན་ནས་ཁྲོམ་ར་དེ་བས་རྒྱ་སྐྱེད་བཏང་སྟེ། ཐོན་རྫས་ས་མཐོ་ནས་ཕྱིར་ཚོང་དེ་བས་ལེགས་པ་ཐུབ་པར་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།

    དྲ་ཐོག་ཐད་གཏོང་ཚོང་དོན་གྱི་ཐད་གཏོང་བ་ཚོས་བརྙན་ལམ་ནས་བོད་ཀྱི་ལེགས་འདེམས་ཐོན་རྫས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་འགྲེམས་སྟོན་བྱས་པ་དེས་བོད་ཀྱི་དྲ་ཐོག་ཚོང་དོན་གྱི་མིང་བྱང་གསར་པ་བཏོད་པ་མ་ཟད། བོད་ཀྱི་དྲ་ཐོག་ཚོང་དོན་ཐོན་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ཡང་མངོན་ཡོད། བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་ཐིང་ཀྲང་གཞོན་པ་གོ་ཁའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། དྲ་ཐོག་ཐད་གཏོང་ཚོང་དོན་གྱི་སྐུལ་ཁྲིད་འོག 2024ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ལྗོངས་ཡོངས་ཀྱི་ཚོང་ཟོག་དྲ་ཐོག་ནས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར་138.0ཟིན་པ་དེ་དུས་མཚུངས་ལས་91.1%འཕར་ནས། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་གྱི་བསྡུར་ཚད་ཀྱི་20.6%ཟིན་ཞིང་། དེས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད་པ་རེད།

    (《དཔལ་འབྱོར་ཉིན་རེའི་ཚགས་པར》ནས་བརྒྱུད་འགོད་བྱས)

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།