ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མདུན་ལམ་སྔར་བས་རྒྱ་ཆེར་གཏོད་དགོས།
“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱང་ལམ་གསར་པར་མི་ཚང་མ་མི་སྣ་གཙོ་བོ་ཤ་སྟག་ཡིན་ལ། ཁོང་ཚོས་ཕུལ་བའི་ལེགས་སྐྱེས་རེ་རེ་ཡང་རྩ་ཆེན་ཤ་སྟག་ཡིན་ཞིང་། འོད་སྣང་རེ་རེ་ལས་བཀྲག་མདངས་འཚེར” 2025ལོའི་ལོ་གསར་གྱི་ཤིས་ཚིག་ནང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འདས་ཟིན་པའི་ལོ་གཅིག་རིང་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་བརྒྱུད་པའི་སྤྱིར་བཏང་མིན་པའི་ལོ་རྒྱུས་ལ་བརྩེ་སེམས་ཟབ་མོས་ཕྱིར་དྲན་གནང་སྟེ། ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་མཐུན་སྒྲིལ་འབད་འཐབ་ཀྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ནས་འཛམ་གླིང་ལ་ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་པོ་དང་ཡིད་ཆེས་མཐོང་དུ་བཅུག་ཡོད་པ་རེད།
2024ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་ཚད་དང་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་ཡིན། རྒྱལ་ཁབ་ཕྱི་ནང་གི་དུས་བབ་ལས་བྱུང་བའི་འགྲན་སློང་གི་མདུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་གཟབ་བརླིང་བབ་བསྟུན་དང་ཕྱོགས་བསྡུས་ཇུས་བསྟར་བྱས་ཏེ་སྲིད་ཇུས་ཀྱི“སྣ་འདུས་ཐབས་བཟང”རབ་དང་རིམ་པ་བཏོན་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བས། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་གཙོ་བོ་བདེ་བླག་ངང་གྲུབ་པ་དང་། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་ཁྲི་130ལས་བརྒལ་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཕྱོགས་སུ་གོམ་སྟབས་བརྟན་པོ་གསར་པ་ཞིག་སྤོས་ཡོད། ཁེན་ནི་ཡའི《དར་ཆའི་ཚགས་པར》གྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་ནས་ཀྲུང་གོའི་འཕེལ་རྒྱས་ཀྱི་གཏམ་རྒྱུད་ནི“སེམས་ཤུགས་གཅིག་སྒྲིལ་དང་ཆོད་སེམས་བརྟན་པོ་ལ་བརྟེན་ནས་མངོན་འགྱུར་བྱུང་བའི་བསམ་འདུན་ཞིག་རེད”ཅེས་ངོས་འཛིན་བྱས་ཡོད། ཉིན་ཤས་གོང་ཁྱབ་བསྒྲགས་བྱས་པའི་རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་བཤེར་བྱེད་ཐེངས་ལྔ་པའི་གྲངས་གཞི་ལས་མངོན་པ་ལྟར་ན། ཀྲུང་གོའི་དཔལ་འབྱོར་གྱི་སྤྱི་འབོར་ནི་འཛམ་གླིང་གི་ཨང་གཉིས་པར་བརྟན་པོར་སླེབས་པ་དང་ལོ་ལྔའི་རིང་འཛམ་གླིང་གི་དཔལ་འབྱོར་འཕར་བར་ལེགས་སྐྱེས་འབུལ་ཚད་ཆ་སྙོམས་30%ཙམ་ཟིན་པས། དེ་ནི་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཕར་ཁུངས་ཆེ་ཤོས་ཡིན་པ་རེད།
“ལྗང་མདོག”ཕྱོགས་སུ་སྐྱོད་པ་དང“གསར་མའི”ཕྱོགས་སུ་སྐྱོད་པར་བརྟེན་ནས་ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྒྱུན་ཆད་མེད་པར་རྩོམ་བཞིན་ཡོད་ཅིང་། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་མཛེས་སྡུག་ལྡན་པའི་ཀྲུང་གོའི་མཛེས་རིས་ཤིག་རིམ་བཞིན་མངོན་པ་དང་། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་བྱས་ཏེ་ཐོན་ལས་གསར་པ་དང་། ལས་རྣམ་གསར་པ། རྣམ་པ་གསར་པ་བཅས་གཅིག་རྗེས་གཉིས་མཐུད་དུ་ཐོན་ཡོད། ཐ་ཁེ་ལ་མཱ་ཀན་བྱེ་ཐང་དུ་སྤྱི་ལེ་3000ལྷག་ཙམ་གྱི་སྐྱེ་ཁམས་སྲུང་བཅད་ཕྱོགས་ཡོངས་ནས་མཐའ་སྒྲིལ་བྱས་པ་དང་། ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ལོའི་ཐོན་ཚད་ཁྲི་1000ལས་བརྒལ་ཡོད། ཉེ་ཆར་དབྱིན་ཇིའི《དངུལ་རྩའི་སྐབས་དོན་ཚགས་པར》ཐོག་གནས་ཚུལ་སྤེལ་བའི་ནང་ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་ཕྱིར་ཚོང་བྱེད་ཚད་2025ལོར་སྔོན་དཔག་བྱས་ན་སྲོལ་རྒྱུན་གྱི་སྣུམ་སྣོན་རླངས་འཁོར་ལས་ཐོག་མར་བརྒལ་རྒྱུ་ཡིན་པ་དང་དེ་ནི“ལོ་རྒྱུས་རང་བཞིན་གྱི་དཀྱོག་མཚམས”ཤིག་ཡིན་ངེས་རེད་ཅེས་བསྟན་ཡོད། འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི《2024ལོའི་གོ་ལ་ཧྲིལ་པོའི་གསར་གཏོད་སྟོན་གྲངས་སྙན་ཞུ》ལས་མངོན་པར། གོ་ལ་ཧྲིལ་པོའི་ཀྲུང་གོའི་གསར་གཏོད་ནུས་པའི་ཨང་རིམ་ནང་ཀྲུང་གོ་ཨང་བཅུ་གཅིག་པར་འཕར་ཡོད་ཅིང་། དེ་ནི་ལོ་10ཡི་རིང་གསར་གཏོད་ནུས་པ་འཕར་མགྱོགས་ཤོས་ཀྱི་དཔལ་འབྱོར་སྡེ་གཞིའི་གྲས་ཤིག་རེད།
2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་བསྡུའི་ལོ་ཞིག་རེད། ཀྲུང་གོས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་པ། སྔར་ལས་དགེ་མཚན་ལྡན་པའི་སྲིད་ཇུས་ལག་བསྟར་བྱེད་པ། བློ་རྩེ་གཅིག་སྒྲིམ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམ་འཛིན་བྱས་ཏེ་ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་ཚུགས་རང་དར་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་བཅས་བྱས་ཏེ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་ཚད་དང་ལས་འགན་སྤུས་ཚད་མཐོ་པོས་ལེགས་སྒྲུབ་བྱས་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པར་རྨང་གཞི་བརྟན་པོ་འདིང་རྒྱུ་རེད།
ལོ་ཟླ་རིམ་གྱིས་འདས། མདུན་ལྗོངས་གསར་པ་མངོན། ལོ་གསར་པའི་ནང་། ཀྲུང་གོས་ཡིད་ཆེས་ལྡབ་འཕེལ་དང་ཞུམ་མེད་འགྲན་སློང་གི་སྒོ་ནས་མུ་མཐུད་ཆར་རླུང་ཁྲོད་འཚར་ལོངས་དང་ཚོད་བགམ་ཉམས་སད་བརྒྱུད་སྟོབས་ཆེར་འགྲོ་ངེས་ཡིན་ཞིང་། དུས་བསྟུན་ལོ་ལེགས་དང་ཕུན་ཚོགས་ཡར་རྒྱས་ཀྱི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་བརྩམས་ནས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཡོང་བར་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་རྒྱུ་རེད།