དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དགུན་རྐྱལ་ལུས་རྩལ་པ་200ལྷག་ཙམ་གྱིས་རྨ་ཆུ་འཕྲེད་དུ་བཅད་ནས་ལོ་གསར་པ་བསུས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-01-04

    ཚེས་1ཉིན་གྱི་ཕྱི་དྲོར། ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྲུང་ཧྲན་ཟམ་པའི་ཉེ་འགྲམ་གྱི་རྨ་ཆུའི་ངོགས་སུ། བཀའ་བཏང་བ་དང་བསྟུན་ནས་སྒྲིག་ཆས་ཆ་ཚང་གྱོན་པའི་དགུན་རྐྱལ་ལ་དགའ་པོ་བྱེད་མཁན་200ལྷག་ཙམ་རྨ་ཆུའི་ནང་ཆུ་རྐྱལ་རྒྱག་འགོ་ཚུགས་པས་ཆུ་ངོགས་ཡོངས་སུ་འཁྲུག་ཆ་དོད་དུ་སོང་།

    རྨ་ཆུ་འཕྲེད་བཅད་ཀྱི་རྣམ་པའི་ཐོག་ནས་ལོ་གསར་པར་བསུ་བ་ཞུ་བ་ནི་ལན་ཀྲོའུ་གྲོང་ཁྱེར་གྱི་གནམ་ལོ་གསར་ཚེས་ཤར་རིམ་གྱི“སྲོལ་རྒྱུན་ལེ་ཚན”ཞིག་ཡིན་ཞིང་། ད་ལོ་ནི་ལན་ཀྲོའུ་གྲོང་ཁྱེར་གྱིས་སྤེལ་བའི་གནམ་ལོ་གསར་ཚེས་ལ་རྨ་ཆུར་དགུན་རྐྱལ་གྱི་འཁྲབ་སྟོན་བྱེད་སྒོ་སྐབས་36པ་དེ་རེད།

    ཟླ་1ཚེས་1ཉིན་ནི་རྒྱལ་ཡོངས་ཀྱི་དགུན་རྐྱལ་ཉིན་མོ་ཡིན་ཞིང་། ལན་ཀྲོའུ་གྲོང་ཁྱེར་བརྒྱུད་ནས་བཞུར་བཞིན་པའི་རྨ་ཆུ་ནི་དགུན་རྐྱལ་ལ་དགའ་པོ་བྱེད་མཁན་ཚོའི“གར་སྟེགས་ཡག་ཤོས”སུ་གྱུར་ཡོད།

    “དགུན་རྐྱལ་སྦྱངས་པ་ནས་ངའི་གཟུགས་པོ་ཡག་ཏུ་ཕྱིན་སོང་། གྲུམ་བུའི་ན་ཚ་ཡང་དུ་ཕྱིན་པ་མ་ཟད། ཆམ་པ་རྒྱག་ཚད་ཀྱང་ཉུང་དུ་ཕྱིན་སོང” ལོ་76ལ་སླེབས་པའི་ཡུས་པའེ་ཆིང་གིས་ཉིན་དེའི་ཆུ་ལམ་ཧྲིལ་པོ་བདེ་བླག་ངང་བཅད་ཅིང་། ཆུ་ཁར་ཐོན་རྗེས་ཁོང་གི་གདོང་ལས་དམར་མདངས་རྒྱས་ཤིང་སྙིང་སྟོབས་རབ་ཏུ་འཕེལ་བ་མངོན། ཁོང་གིས་ལོ་གཅིག་གི་དུས་ཚིགས་བཞི་ཀར་རྨ་ཆུར་ཆུ་རྐྱལ་རྒྱུན་འཁྱོངས་རྒྱག་གི་ཡོད། ཉེ་བའི་ལོ་ཤས་རིང་། རྨ་ཆུ་ཇེ་དྭངས་སུ་ཕྱིན་པའི་ཁར་ངོགས་གཉིས་ཀྱི་ཁོར་ཡུག་ཀྱང་ཇེ་ཡག་ཏུ་ཕྱིན་སོང་། རྨ་ཆུའི་འགྲམ་གྱི་དགུན་རྐྱལ་ས་ཚུགས་སུ་ཉིན་ལྟར་མི་བཅུ་ཕྲག་ཁ་ཤས་འཛོམས་ནས་སྦྱོང་བརྡར་བྱེད་ཀྱི་འདུག་ཅེས་བརྗོད།

    ལན་ཀྲོའུ་གྲོང་ཁྱེར་དགུན་རྐྱལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཝུའུ་ཞི་ལིན་གྱིས། དགུན་རྐྱལ་ལུས་རྩལ་ལ“ཁྲག་རྩའི་ལུས་སྦྱོང”ཡང་ཟེར་གྱི་ཡོད། ལུགས་མཐུན་དང་ཚན་རིག་དང་མཐུན་པའི་ངང་དགུན་རྐྱལ་རྩལ་ནུས་ཁོང་དུ་ཆུད་ན། སྙིང་ཁམས་ཁྲག་རྩའི་ནད་དང་གྲུམ་བུའི་ནད་སོགས་དྲག་སྐྱེད་ཡོང་བར་ཕན་ནུས་ཆེན་པོ་ཡོད། དམངས་ཡོངས་ཀྱི་ལུས་སྦྱོང་འདུ་ཤེས་ཟབ་ཏུ་ཟམ་མི་ཆད་པར་ཕྱིན་པ་དང་བསྟུན་ནས་དགུན་རྐྱལ་ལུས་རྩལ་ནང་ཞུགས་མཁན་རྒྱུན་མཐུད་ཇེ་མང་དུ་ཕྱིན་པ་དང་། ད་ལྟ་མཐུན་ཚོགས་ཀྱི་ཁོངས་མིའི་གྲས་སུ་ལས་རིགས་ཁག་ཚང་མ་ནས་ཡོད་ལ། ལོ་80ལྷག་ཙམ་གྱི་རྒན་རྒོན་ནས་ལོ་10ལྷག་ཙམ་གྱི་བྱིས་པའི་བར་ཚང་མས་དགུན་རྐྱལ་སྦྱོང་བརྡར་རྒྱུན་འཁྱོངས་བྱེད་བཞིན་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།