དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འབད་འཐབ་ལྷོད་མེད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་གྱི་ཡིན།

    —— ཀྲུའུ་ཞི་ཞི་ཅིན་ཕིང་གི་2025ལོའི་ལོ་གསར་གྱི་ཤིས་ཚིག་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-04

    ཉིན་ཤས་བསྟུད་མར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུངས་པའི་2025ལོའི་ལོ་གསར་གྱི་ཤིས་ཚིག་ལ་རང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ཚང་མས་ལོ་གསར་པར་གདེང་ཚོད་བརྟན་གཏོང་དང་འབད་འཐབ་ལྷོད་མེད་ཀྱིས་མཐུན་སྒྲིལ་འབད་འཐབ་ཀྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་བཏང་སྟེ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བསུ་བ་ཞུ་གི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།

    “ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་རར་རང་རྒྱལ་གྱི་ལུས་རྩལ་པ་ཚོས་དཔའ་ངར་ཆེར་སྐྱེད་ཀྱིས་ཨང་དང་པོ་བརྩོན་ལེན་བྱས་ཏེ་ཕྱི་རྒྱལ་དུ་འགྲན་བསྡུར་ལ་ཞུགས་པའི་གྲུབ་འབྲས་ཡག་ཤོས་ཐོབ་པ་དེ་ཐོག་ནས་གཞོན་རབས་ཚོའི་ཞུམ་མེད་ཡར་ཐོན་དང་བློ་སྟོབས་ཆེ་བའི་ཉམས་བཟང་གང་ལེགས་མངོན་ཡོད”ཅེས་རང་སྐྱོང་ལྗོངས་ལུས་རྩལ་ཅུས་མང་ཚོགས་ལུས་རྩལ་ཁྲུའི(རི་འཛེག་དོ་དམ་ཁྲུའུ)རིམ་པ་གཉིས་པའི་བརྟག་ཞིབ་པ་བསྟན་འཛིན་གྱིས་བརྗོད་པ་དང་། ཁོང་གིས“ལུས་རྩལ་ལས་དོན་པ་ཞིག་ཡིན་པའི་ངོས་ནས་རང་རྒྱལ་གྱི་ལུས་རྩལ་པར་ཐོབ་པའི་གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་ང་རང་སྤོབས་པ་ཆེན་པོ་སྐྱེ་གི་འདུག 2025ལོ་ནི་རང་རྒྱལ་གྱིས་ཇོ་མོ་གླང་མའི་མཐོ་ཚད་ཐེངས་དང་པོ་འཇལ་ནས་ལོ་50འཁོར་བའི་ལོ་ཞིག་རེད། ང་ཚོས་དེ་གོ་སྐབས་སུ་བྱས་ནས་འབད་འཐབ་ཧུར་ཐག་དང་ཞུམ་མེད་མདུན་སྐྱོད་ཀྱིས་ས་མཐོའི་ཁྱད་ལྡན་ལུས་རྩལ་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གི་ཡིན”ཞེས་བརྗོད་པ་རེད།

    “ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་གྱི་ཤིས་ཚིག་ནི་བརྩེ་བ་ཟབ་ལ་མི་སེམས་ལ་སྐུལ་མ་ཐེབས་པ་ཞིག་འདུག”ཅེས་བྲག་གཡབ་རྫོང་མཁར་སྒང་གྲོང་ཚོར་བཅའ་སྡོད་ཆབ་མདོ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ལས་དོན་རུ་ཁག་གི་རུ་དཔོན་དང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་གཅིག་ལྕོགས་ཡིན་པའི་ལིའུ་ལིན་ཞའོ་ཡིས་བརྗོད་ཅིང་། ཁོང་གིས“ཉེ་བའི་ལོ་ཤས་རིང‘ལས་གྲྭ་ཁྲི་སྟོང’གི་ཉམས་མྱོང་ཁྱབ་གདལ་བེད་སྤྱོད་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་ཆབས་ཅིག མཁར་སྒང་གྲོང་ཚོས་སྒོ་རའི་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱས་པ་བརྒྱུད། སྐྱེ་ཁམས་དང་ཐོན་ལས“གཉིས་ཕན”གྱི་ཕྱུག་འགྱུར་ལམ་བུ་ཞིག་བཏོད་དེ་ཁང་པའི་རྒྱབ་མདུན་གྱི་ས་ཆ་ཆུང་ཆུང་དག“འབབ་འཕར་བྱུང་སའི་ས་ཆར”བསྒྱུར་ཡོད། ལོ་གསར་པའི་ནང་། ང་ཚོས་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་མང་ཚོགས་ཉེ་འགྲམ་གྱི་བྱ་བ་ཆེ་ཆུང་ཚང་མ་ཐག་གཅོད་ཡག་པོ་བྱས་ཏེ། མང་ཚོགས་ལ་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཟབ་མོ་ཚོར་ཐུབ་པ་བྱེད་ཀྱི་ཡིན”ཞེས་བརྗོད་པ་རེད།

    ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་གྱི་ཤིས་ཚིག་ཉན་རྗེས་ལྷ་སའི་གྲོང་མི་ཚེ་སྒྲོན་ལ་སེམས་འགུལ་དང་སྐུལ་ལྕག་ཆེན་པོ་ཐེབས་ཤིང་། ཁོང་གིས“ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱང་ལམ་གསར་པར་སྐྱེ་བོ་མི་རེ་ངོ་རེ་མི་སྣ་གཙོ་བོ་ཤ་སྟག་ཡིན་པ་དང་། ཁོང་ཚོས་ཕུལ་བའི་ལེགས་སྐྱེས་རེ་རེ་ཡང་རྩ་ཆེན་ཤ་སྟག་ཡིན་ཞིང་། འོད་སྣང་རེ་རེ་ལས་འོད་སྟོང་འཕྲོ་བར་གྱུར་ཞེས་གསུངས། དེས་ང་ལ་ཡིད་ཆེས་དང་སྟོབས་ཤུགས་རྫོགས་མཐའ་མེད་པ་སྦྱིན་བྱུང་། ངས་རང་འཁྲིའི་འགན་འཁྲི་ཡག་པོ་འཁུར་བ་དང་ལག་གཉིས་ལ་བརྟེན་ནས་རིན་ཐང་ཧུར་ཐག་བཏོད་དེ། སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མིན་པའི་ལེགས་སྐྱེས་འབུལ་གྱི་ཡིན”ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།