དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས་རོགས་སྐྲུན་བྱས་པའི་ཐུ་ནི་སི་རྒྱལ་སྤྱིའི་ཕྱི་འབྲེལ་སློབ་གླིང་།

    ——“ཐུ་ནི་སིའི་ཕྱི་འབྲེལ་ཤེས་ལྡན་པའི་འཚར་ལོངས་ལ་སྟོབས་ཤུགས་ལེགས་སྐྱེས་ཕུལ་བ”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཧའོ་རུའེ་མིན།   |     སྤེལ་དུས།  2025-01-02

    འདི་ནི་ཐུ་ནི་སི་རྒྱལ་སྤྱིའི་ཕྱི་འབྲེལ་སློབ་གླིང་གི་ཕྱིའི་བཀོད་པ་ཡིན་པ།

    དགུན་དུས་ཀྱི་ཐུ་ནི་སིའི་རྒྱལ་ས་ཐུ་ནི་སི་གྲོང་ཁྱེར་དུ་ཉི་འོད་རབ་ཏུ་འཚེར། ཐུ་ནི་སིའི་ཕྱི་འབྲེལ་པུའི་ཐོག་བརྩེགས་ཁང་ཆེན་དང་བར་ཐག་རིང་པོ་མེད་པའི་སར་དེང་རབས་ཅན་གྱི་འཛུགས་སྐྲུན་བཀོད་པའི་ཁྱུ་ཚོགས་གསར་རྐྱང་ཞིག་ཡོད་པ་ནི་ཀྲུང་གོས་རོགས་སྐྲུན་བྱས་པའི་ཐུ་ནི་སི་རྒྱལ་སྤྱིའི་ཕྱི་འབྲེལ་སློབ་གླིང་རེད། ཐུ་ནི་སིའི་ཙུང་ཐུང་སའེ་དབྱི་ཏེ་སྐུ་ངོ་མས་ཁེབས་ཡོལ་ཕྱེ་བ་དང་འབྲེལ་འདི་ནི“ཐུ་ནི་སི་དང་ཀྲུང་གོའི་མཉམ་ལས་ཀྱི་དཔེ་མཚོན”ཞིག་ཡིན་ཞེས་བསྔགས་བརྗོད་ཀྱང་གནང་བ་རེད།

    2016ལོར་ཀྲུང་གོ་དང་ཐུ་ནི་སི་ཕྱོགས་གཉིས་ལ་ཐུ་ནི་སི་རྒྱལ་སྤྱིའི་ཕྱི་འབྲེལ་སློབ་གླིང་རོགས་སྐྲུན་བྱེད་རྒྱུའི་ཐུན་མོང་གི་ངོས་འཛིན་བྱུང་ཞིང་། ཕྱོགས་གཉིས་ཀྱི་ཐུན་མོང་འབད་བརྩོན་འོག་སློབ་གླིང་འདི་འཆར་གཞི་ནས་དོན་དངོས་སུ་གྱུར་ཡོད། 2024ལོར་སྤྱོད་འགོ་ཚུགས་རྗེས་སློབ་གླིང་དེ་ཉིད་ཐུ་ནི་སིའི་ཕྱི་འབྲེལ་དཔོན་ཚོའི་བྱ་གཞག་གི་གོམ་པ་དང་པོ་སྤོ་སར་གྱུར་ཡོད་ལ། ཀྲུང་གོ་དང་ཐུ་ནི་སིའི་མཛའ་གྲོགས་ཀྱི་མཚོན་རྟགས་གསར་པ་དང་སྟེགས་བུ་གསར་པར་ཡང་གྱུར་ཡོད།

    2024ལོ་ནི་ཀྲུང་གོ་དང་ཐུ་ནི་སིའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བའི་ལོ་རེད། ལོ་60རིང་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཐུ་ནི་སི་རྒྱལ་སྤྱིའི་ཕྱི་འབྲེལ་སློབ་གླིང་ནི་ཕྱོགས་གཉིས་པོས་མཉམ་ལས་ཟབ་ཏུ་བཏང་བའི་གྲུབ་འབྲས་གལ་ཆེན་གཞན་ཞིག་རེད། ཐུ་ནི་སིའི་ཕྱི་འབྲེལ་པུའི་པུའུ་ཀྲང་ཟུར་པ་ཨ་མའར་གྱིས། ཐུ་ནི་སི་རྒྱལ་སྤྱིའི་ཕྱི་འབྲེལ་སློབ་གླིང་ནི་ཐུ་ཀྲུང་དབར་གྱི་མཛའ་གྲོགས་ཟབ་མོ་མཚོན་པའི་དཔང་པོ་ཞིག་ཡིན་ལ། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ཞིབ་ཕྲའི་གྲུབ་འབྲས་ཀྱང་ཡིན། ཀྲུང་གོ་ཕྱོགས་ཀྱིས་སྒེར་སེམས་མེད་པར་རོགས་རམ་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།

    “ཐུ་ནི་སི་རྒྱལ་སྤྱིའི་ཕྱི་འབྲེལ་སློབ་གླིང་ཞེས་པའི་རྣམ་གྲངས་དེའི་ཐོག་ནས་ཐུ་ནི་སི་དང་ཀྲུང་གོ་ཕན་ཚུན་ཡིད་ཆེས་ཆེན་པོ་དང་བརྟན་པོ་ཡོད་པའི་འབྲེལ་བ་གང་ལེགས་མཚོན་གྱི་ཡོད” ཐུ་ནི་སིའི་ཕྱི་འབྲེལ་པུའི་གཞུང་ཚབ་ཆེ་མོ་རིམ་པའི་དཔོན་རིགས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་དུ་བཅའ་སྡོད་གཞུང་ཚབ་ཆེ་མོ་བ་ཟུར་པ་ན་ཅི་པུའུ་ཡིས། ཐུ་ནི་སི་ཕྱོགས་ཀྱིས་ཀྲུང་གོ་དང་དངོས་སྒྲུབ་མཉམ་ལས་ལ་སྔར་བས་ཤུགས་སྣོན་དང་མི་ཆོས་རིག་གནས་སྤེལ་རེས་ཕུན་སུམ་ཚོགས་སུ་བཏང་སྟེ། ཨ་རབ་རྒྱལ་ཁབ་མནའ་འབྲེལ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་དང་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད། ཐུ་ནི་སི་རྒྱལ་སྤྱིའི་ཕྱི་འབྲེལ་སློབ་གླིང་གི་ཡོན་ཀྲང་ཟུར་པ་ཀུའུ་ཡ་ཡིས། རྣམ་གྲངས་ལེགས་གྲུབ་བྱུང་བ་ལས་ཐུ་ནི་སི་དང་ཀྲུང་གོའི་དབར་ཕན་ཚུན་བསམ་ཤེས་དང་མཉམ་ལས་བྱེད་ཤུགས་སྔར་བས་ཆེ་རུ་འགྲོ་རྒྱུ་རེད་ཅེས་བཤད། ཐུ་ནི་སི་ཕྱོགས་ཀྱིས་འབྲེལ་ཡོད་མཉམ་ལས་ཀྱི་ལམ་སྲོལ་བེད་སྤྱོད་གང་ལེགས་བྱས་ཏེ། ཐུ་ནི་སི་རྒྱལ་སྤྱིའི་ཕྱི་འབྲེལ་སློབ་གླིང་དེ་ཐུ་ནི་སི་དང་ཐ་ན་ཨ་ཧྥེ་རི་ཁ་ས་ཁུལ་གྱི་ཕྱི་འབྲེལ་དཔོན་འཚར་ལོངས་འབྱུང་ས་དང་ཕྱི་འབྲེལ་སྤེལ་རེས་ལས་སྟེགས་སུ་བསྐྲུན་རྒྱུ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ཐུ་ནི་སི་རྒྱལ་སྤྱིའི་ཕྱི་འབྲེལ་སློབ་གླིང་གིས་ལས་གནས་ཐོག་ཡོད་པའི་ཕྱི་འབྲེལ་དཔོན་རིགས་དང་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་དཔོན་རིགས་ལ་གཙོ་བོར་དམིགས་ནས་གསོ་སྦྱོང་བྱེད་ཅིང་། འབྱུང་འགྱུར་ཨ་རབ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་དཔོན་རིགས་དང་ཨ་ཧྥེ་རི་ཁ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་དཔོན་རིགས་གསོ་སྦྱོང་བྱ་རྒྱུ་ཡིན་པ་རེད། སྤྱོད་འགོ་ཚུགས་པ་ནས་ད་བར་དུ་སློབ་གླིང་གིས་ཕྱི་འབྲེལ་དཔོན་གསོ་སྦྱོང་གི་བྱེད་སྒོ་ཐེངས་མང་སྤེལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།