དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཨ་རིས་འཛམ་གླིང་ལ་ངེས་གཏན་རང་བཞིན་དང་དྲང་ནུས་མང་ཙམ་འདོན་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཧོ་དབྱིན།   |     སྤེལ་དུས།  2025-01-02

    “གལ་ཏེ་བརྟན་ལྷིང་གི་དུས་རབས་ཉེར་གཅིག་པ་མངོན་འགྱུར་བྱེད་དགོས་ཚེ་ཀྲུང་གོ་དང་ཨ་རིས་ངེས་པར་དུ་ལག་གདང་སྦྲེལ་ནས་མཉམ་ལས་བྱེད་དགོས། གལ་ཏེ་འགྲན་རྩོད་དང་མཉམ་ལས་མི་བྱེད་པར་འགྲན་རྒོལ་རྐྱང་རྐྱང་བྱས་ཚེ། རྒྱལ་ཁབ་གཉིས་པོར་ཟང་ཟིང་ཆེ་བའི་དུས་རབས་ཉེར་གཅིག་པ་ཞིག་འཕྲད་ངེས་རེད”ཅེས་ཉིན་ཤས་གོང་ཨ་རིའི་ཆེད་སྒྲིག་ལེ་ཚན་གྱི་རྩོམ་པ་པོ་ཐུའོ་མཱ་སི·ཧྥུ་ལི་ཏེ་མན་གྱིས་ཀྲུང་གོར་འཚམས་འདྲི་བྱེད་མཇུག་འགྲིལ་རྗེས་བྲིས་པའི་རྩོམ་ཡིག་ནང་བསྟན་ཡོད་ཅིང་། ཁོང་གིས་འཛམ་གླིང་ལ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་མི་ཐབས་རིག་ནུས་དང་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་འགྲན་སློང་འཕྲད་བཞིན་ཡོད། “ཨ་རི་དང་ཀྲུང་གོ་ནི་འཛམ་གླིང་ཐོག་གི་མཉམ་ལས་བྱས་ན་རེ་བ་ཕྲན་བུ་སྦྱིན་ཐུབ་པའི་རྒྱལ་ཁབ་ཆེན་པོ་གཉིས་པོ་ཁོ་ན་རེད”ཅེས་བརྗོད།

    འབོད་སྒྲ་དེ་རིགས་ལས་ཨ་རིའི་དཔྱོད་ལྡན་པས་ཀྲུང་གོ་དང་ཨ་རིས་འཁུར་བའི་རྒྱལ་ཁབ་ཆེན་པོའི་འགན་འཁྲིར་ངོས་འཛིན་གསལ་པོ་དང་རྗེས་དཔག་གི་བསམ་གཞིག་བྱས་པ་མངོན་ཡོད། དེང་སྐབས་འཛམ་གླིང་ལ་ཡོ་ལང་ཟང་ཟིང་ཆེ་བ་དང་གདོང་གཏུག་ཡང་ཡང་བྱུང་ཞིང་། མིའི་རིགས་ལ་སྔར་བྱུང་མྱོང་མེད་པའི་འགྲན་སློང་འཕྲད་ཡོད། རྒྱལ་ཁབ་ཆེན་པོའི་འགྲན་རྩོད་ནི་དུས་རབས་ཀྱི་ཁྱད་ཆོས་ཡིན་མི་རུང་། མཐུན་སྒྲིལ་མཉམ་ལས་བྱས་ན་གཞི་ནས་དུས་ངལ་མཉམ་སེལ་བྱེད་ཐུབ། མིག་སྔའི་གནས་བབ་འོག་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་ཁེ་ཕན་ཉུང་དུ་ཕྱིན་མེད་པར་དེ་བས་མང་དུ་ཕྱིན་པ་ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་པོས་ངེས་པར་དུ་གསལ་པོར་ཤེས་དགོས། དཔལ་འབྱོར་ཚོང་དོན་དང་། ཞིང་ལས། དུག་འགོག ཁྲིམས་སྒྱུར། སྤྱི་པའི་འཕྲོད་བསྟེན་སོགས་ཀྱི་ཁྱབ་ཁོངས་དང་། གནམ་གཤིས་འགྱུར་ལྡོག་དང་མི་ཐབས་རིག་ནུས་སོགས་ཀྱི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་། དེ་བཞིན་རྒྱལ་སྤྱིའི་ཀུན་གྱིས་དོ་སྣང་བྱེད་པའི་གནད་དོན་བཅས་ཚང་མའི་ཐད་ཀྲུང་གོ་དང་ཨ་རིས་མཉམ་ལས་བྱེད་དགོས་ཀྱི་ཡོད། ཨ་རི་བ་མང་པོས་ཐོག་མཐའ་བར་གསུམ་དུ“ནུས་པ་ཇི་ཙམ་ཆེ་ན་འགན་འཁྲི་དེ་ཙམ་གྱིས་ཆེ་བ”ཁས་ལེན་གྱི་ཡོད། ཀྲུང་གོས་ཀྱང་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཆེན་པོ་ནི་གཙོ་བོ་བློ་རྒྱ་ཆེ་བ་དང་། མིག་རྒྱང་རིང་བ། འགན་འཁྲི་འཁུར་སེམས་ཆེ་བ་བཅས་ལ་ཐུག་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། འཛམ་གླིང་གི་དཔལ་འབྱོར་སྒྲིག་གཞི་ཆེ་ཤོས་གཉིས་པོ་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཡིན་པའི་ཀྲུང་གོ་དང་ཨ་རི་གཉིས་པོས་དུས་དང་རྣམ་པ་ཀུན་ཏུ་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་བསམ་གཞིག་བྱས་ཏེ་འཛམ་གླིང་ཞི་བདེ་ཡོང་བར་འགན་འཁྲི་འཁུར་བ་དང་། གོ་ལ་ཧྲིལ་པོར་སྤྱི་པའི་ཐོན་རྫས་མཁོ་འདོན། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པར་དགེ་མཚན་ལྡན་པའི་ནུས་པ་འདོན་པ་བཅས་བྱེད་དགོས།

    དེང་གི་དུས་རབས་སུ་མིའི་རིགས་ནི་སྐྱིད་སྡུག་མཉམ་མྱོང་གི་ལས་དབང་གཅིག་མཐུན་ཚོགས་པ་ཡིན་ཞིང་། རྒྱལ་ཁབ་ཁག་གྲུ་ཆུང་190ལྷག་ཙམ་ཐོག་སྡོད་པ་ཞིག་མིན་པར་ལས་དབང་གཅིག་མཐུན་གྱི་གྲུ་གཟིངས་ཆེན་པོར་སྡོད་པ་ལྟར་ཡིན་པས། ཕ་རོལ་ཕྱོགས་ཀྱི་འཕེལ་རྒྱས་དེ་གོ་སྐབས་སུ་བརྩི་བ་ལས་འགྲན་སློང་ལ་མི་བརྩི་བ་དང་། ཕ་རོལ་ཕྱོགས་དེ་རོགས་ཟླར་བརྩི་བ་ལས་འགྲན་ཡར་བརྩི་མི་རུང་། “གོ་ལ་མཉམ་རོགས”དང་། མཐུན་སྒྲིལ་རོགས་རེས། གཉིས་ཁེ་གཉིས་ཕན་བཅས་དུས་རབས་ཀྱི་བརྗོད་དོན་གཙོ་བོར་འགྱུར་བར་བྱེད་དགོས། འདི་ནི་ཀྲུང་གོས་འཛམ་གླིང་ལ་འཛིན་པའི་ལྟ་སྟངས་ཀྱི་གཞི་རྩའི་འགོ་འཛུགས་ས་རེད་ལ། ཀྲུང་གོས་ཀྲུང་གོ་དང་ཨ་རིའི་འབྲེལ་བར་འཛིན་པའི་ལྟ་སྟངས་ཀྱི་གཞི་རྩའི་འགོ་འཛུགས་ས་ཡང་རེད།

    རྒྱལ་ཁབ་ཆེན་པོའི་འགྲན་རྩོད་དེ་དུས་རབས་ཀྱི་འཕེལ་ཕྱོགས་དང་མི་མཐུན་ལ། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་ལ་འཕྲད་པའི་གནད་དོན་ཡང་ཐག་གཅོད་བྱེད་མི་ཐུབ། ཐུན་མོང་ཐོག་རྒྱལ་ཁབ་ཆེན་པོའི་འགན་འཁྲི་ཁུར་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པར་མིག་དཔེ་འདོན་རྒྱུ་ནི་ཀྲུང་གོ་དང་ཨ་རི་གཉིས་པོས་འཁུར་འོས་པའི་འགན་འཁྲི་ཞིག་རེད། དེ་སྔོན། ཀྲུང་གོ་དང་ཨ་རི་གཉིས་པོས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་མི་གཞན་དག་དང་མཉམ་དུ་འཛམ་གླིང་གི་དཔལ་འབྱོར་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་གྱི་འདམ་རྫབ་ནས་བཏོན་མྱོང་ལ། ཕྱོགས་སོ་སོས་གནམ་གཤིས་འགྱུར་ལྡོག་སྐོར་གྱི《ཕ་རི་སིའི་གྲོས་ཆོད》འཇོག་པར་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་པོ་དྲོ་རུ་ཕྱིན་པར་ཁ་གཏད་གཅོག་པར་རེ་བ་གསར་པ་སྦྱིན་མྱོང་ཡོད། འཛམ་གླིང་གི་དཔལ་འབྱོར་སླར་གསོ་བྱེད་ཤུགས་ཞན་པ་དང་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་རྫོགས་མཐའ་མེད་པ་འབྱུང་བཞིན་པའི་དེང་གི་དུས་སུ། ཀྲུང་གོ་དང་ཨ་རི་གཉིས་པོས་རྒྱལ་ཁབ་ཆེན་པོའི་འགན་འཁྲི་དེ་བས་འཁུར་དགོས་པ་ལས་ཕན་ཚུན་ཟད་གྲོན་གྱིས་འཛམ་གླིང་ལ་ཞོར་འདྲུད་བྱེད་པ་དང་རྒྱལ་ཁབ་གཞན་ལ་བཙན་ཤེད་ཀྱིས་ལངས་ཕྱོགས་འདེམས་སུ་འཇུག་མི་རུང་།

    གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པར་ཀྲུང་གོ་དང་ཨ་རིའི་མཉམ་ལས་ནི་ཀུན་ཐུབ་ཅིག་མིན་མོད། འོན་ཀྱང་ཀྲུང་གོ་དང་ཨ་རིའི་མཉམ་ལས་མེད་ན་གཏན་ནས་མི་འགྲིག ཨ་རི་ཕྱོགས་ཀྱིས་རྒྱལ་ཁབ་ཆེན་པོའི་འགན་འཁྲི་ཁུར་ནས་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་པ་དང་། ཀྲུང་གོ་ཕྱོགས་དང་ཁ་ཕྱོགས་གཅིག་ཏུ་སྐྱོད་པ། སྐད་ཆ་ཤོད་རེས་དང་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱོགས་འགལ་ལ་དོ་དམ་ཚོད་འཛིན་འོས་འཚམ་བྱེད་པ། གཉིས་ཕན་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཏེ་འཛམ་གླིང་ལ་ངེས་གཏན་རང་བཞིན་དང་དྲང་ནུས་མང་ཙམ་འདོན་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།