ཧིན་རྡུ་ཉི་ཞི་ཡས།
གཏེར་ཁའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ལ་ཤུགས་སྣོན་བརྒྱབ་པ།
—— ཀྲུང་གོ་ཕྱོགས་ཀྱིས་ཐོན་ལས་མཉམ་ལས་དང་ཤེས་ལྡན་པ་གསོ་སྐྱོང་ལ་རམ་འདེགས་ཧུར་ཐག་བྱས་པ།
ཉེ་ཆར། 2024ལོའི་ཧིན་རྡུ་ཉི་ཞི་ཡའི་གཏེར་ལས་དབུ་ཚོགས་ཅ་ཁར་ཐ་རུ་འཚོགས་པ་དང་། ཚོགས་ཞུགས་མི་སྣས་ཧིན་རྡུ་ཉི་ཞི་ཡའི་གཏེར་ཁའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་དེ་བཞིན་ཐོན་ལས་འཁོར་འབྲེལ་འཕེལ་རྒྱས་ལ་ཐུན་མོང་ཐོག་གྲོས་བསྡུར་བྱས་པ་རེད། ཧིན་རྡུ་ཉི་ཞི་ཡའི་ནུས་རྒྱུ་དང་གཏེར་ཁའི་ཐོན་ཁུངས་པུའི་པུའུ་ཀྲང་པཱ་ཧེ་ལིར་གྱིས། ཧིན་རྡུ་ཉི་ཞི་ཡར་རང་བྱུང་ཐོན་ཁུངས་ཀྱི་གཏིང་ཤུགས་ཧ་ཅང་ཆེན་པོ་ལྡན་པས། འབྱུང་འགྱུར་སྨད་རྒྱུད་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། ཐོན་ཁུངས་ཀྱི་ཟུར་སྣོན་རིན་ཐང་སྔར་བས་མཐོ་རུ་གཏོང་བ། དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྤུས་ལེགས་ཀྱི་ལས་ཞུགས་གོ་སྐབས་དེ་བས་མང་བ་གཏོད་རྒྱུ་ཡིན་ཞེས་བཤད་པ་རེད།
ཧིན་རྡུ་ཉི་ཞི་ཡའི་གཏེར་ཁའི་ཐོན་ཁུངས་ཕུན་སུམ་ཚོཌ་པོ་ཡོད་ཅིང་། རྡོ་སོལ་དང་། ནིག གཤའ། ཟངས། ས་འདྲེས་ཧ་ཡང་། གསེར་སོགས་ཐོན་ཁུངས་གསོག་ཚད་ཚང་མ་འཛམ་གླིང་གི་མདུན་གྲལ་དུ་སླེབས་མོད། འོན་ཀྱང་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ཀྱི་ཆུ་ཚད་ད་དུང་སྔར་བཞིན་མཐོ་རུ་གཏོང་དགོས་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་། ཧིན་རྡུ་ཉི་ཞི་ཡའི་སྲིད་གཞུང་གིས་གཏེར་ཁའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཐོན་ཁུངས་ཀྱི་ལེགས་ཆ་གཞི་རྟེན་དུ་བྱས་ཏེ་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་བ་མ་ཟད། གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་ཁྲོད་རིན་ཐང་དེ་བས་མཐོ་བ་བརྩོན་ལེན་བྱས་ཡོད། 2023ལོར་གཏེར་ལས་ཀྱི་ཐོན་རྫས་རིན་ཐང་གིས་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བརྒྱ་ཆ་11.9བཟུང་ཡོད་པ་རེད།
གཏེར་ཁའི་ཐོན་ཁུངས་ཀྱི་ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱེད་པ་ནི་ཧིན་རྡུ་ཉི་ཞི་ཡས་གཏེར་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་རེད།ནིག་ལྟ་བུར་མཚོན་ན། ཧིན་རྡུ་ཉི་ཞི་ཡའི་གཞུང་ཕྱོགས་ཀྱི་གྲངས་གཞི་གསར་ཤོས་ལས་མངོན་པར། རྒྱལ་ཁབ་དེའི་ནིག་གསོག་ཚད་འཛམ་གླིང་ཐོག་ཨང་དང་པོ་ཡིན་པ་དེས་འཛམ་གླིང་གི་ནིག་གསོག་ཚད་ཀྱི་40%ནས་45%བར་བཟུང་ཡོད། གོ་ལ་ཧྲིལ་པོའི་ནུས་རྒྱུ་ཕྱོགས་སྒྱུར་བྱས་པ་དང་བསྟུན་ནས་ལིས་གྱེས་རྡུལ་གློག་རྫས་ཁྲོད་ཀྱི་ནིག་གི་གལ་ཆེའི་རང་བཞིན་ཉིན་བཞིན་ཆེ་རུ་འགྲོ་བཞིན་ཡོད། 2020ལོ་ནས་བཟུང་ཧིན་རྡུ་ཉི་ཞི་ཡའི་སྲིད་གཞུང་གིས་ལས་སྣོན་མ་བྱས་པའི་ནིག་གཏེར་རྡོ་ཕྱིར་གཏོང་བྱེད་མི་ཆོག་པ་བཟོས་པ་མ་ཟད། ཕྱིར་གཏོང་ཚོང་པར་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ནང་དུ་ལས་སྣོན་བཟོ་གྲྭ་བསྐྲུན་ནས་ཐོན་ལས་ཀྱི་ཟུར་སྣོན་རིན་ཐང་དང་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཆེ་རུ་བཏང་སྟེ། ཧིན་རྡུ་ཉི་ཞི་ཡ་འདི་ཉིད་ཐོན་ཁུངས་ཕྱིར་གཏོང་རྒྱལ་ཁབ་འབའ་ཞིག་ནས་ཐོན་ཁུངས་ལས་སྣོན་རྒྱལ་ཁབ་ཏུ་འགྱུར་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱའང་བཏོན་ཡོད།
ཧིན་རྡུ་ཉི་ཞི་ཡའི་ཀྲུང་དབྱང་བསྡོམས་རྩིས་ཅུས་ཀྱི་གྲངས་གཞི་ལས་མངོན་པར། 2019ལོ་ནས་2022ལོ་བར། རྒྱལ་ཁབ་དེའི་ནིག་དང་དེའི་ཐོན་རྫས་ཕྱིར་གཏོང་བྱེད་ཚད་ཨ་སྒོར་དུང་ཕྱུར་8.1ནས་ཨ་སྒོར་དུང་ཕྱུར་59བར་འཕར་ཡོད་པ་རེད། ཧིན་རྡུ་ཉི་ཞི་ཡའི་ནིག་བཙོ་སྦྱང་བཟོ་གྲྭ་2014ལོའི་2ནས་མིག་སྔའི་40ལྷག་ཙམ་བར་མང་དུ་ཕྱིན་ཡོད།