དབུ་ཤོག>གསར་འགྱུར།
  • 2025ལོར་ལྷ་སས་ང་ཚོ་མང་ཚོགས་ལ་སྤྲོད་རྩིས་ཡོད་པའི“ཕྱག་རྟགས”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-02

    ད་ལོའི་ལྷ་ས་གྲོང་ཁྱེར་གྱི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་སློབ་གསོ་དང་། ལས་ཞུགས། སྨན་བཅོས། སྤྱི་ཚོགས་འགན་བཅོལ། འགྲིམ་འགྲུལ་སོགས་ཕྱོགས་མང་པོའི་ཐད་ནས་དམངས་ལ་ཕན་པ་འདོགས་རྒྱུ་ཡིན་པ་འཁོད་འདུག

    01སློབ་གསོ།

    ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི“ཆེད་ཚན་ནས་དངོས་གཞིར་རིམ་པ་སྤོར་བར”སྐུལ་འདེད་གཏོང་རྒྱུ་དང་། ལྷ་ས་མཐོ་འབྲིང་ལྔ་པ་དང་། སྟག་རྩེ་སློབ་ཆུང་གཉིས་པ། སྣེའུ་སློབ་ཆུང་གཉིས་པ། འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་དང་པོའི་དུས་ཐེངས་གཉིས་པ་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་སློབ་གསོའི་སྒྲིག་བཀོད་ཀྱི་ཞན་ཆ་སྔར་བས་སེལ་རྒྱུ།

    02ལས་ཞུགས།

    ♦ ལས་ཞུགས་ལས་གཏོད་ཀྱི་གཟིགས་སྐྱོང་དང་ཁ་གསབ་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱས་ཏེ་གཞི་རིམ་དུ་ལས་ཞུགས་དང་། ལྗོངས་ཕྱིར་ལས་ཞུགས། རང་བརྟེན་ལས་གཏོད་བཅས་ལ་སྐུལ་ལྕག་དང་རྒྱབ་སྐྱོར་བྱ་རྒྱུ་དང་། གཞི་ཁྱོན་ཆེ་བའི་རྩལ་ནུས་ལེགས་གཏོང་གི་གསོ་སྦྱོང་སྤེལ་རྒྱུ།

    ♦ ཐོན་སྐྱེད་ཆུང་ངུ་དང་ཁྲོམ་ར་ཆེན་པོ་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཞིང་འབྲོག་པ་ཁྲི་8.5ཡན་གནས་སྒྱུར་ལས་ཞུགས་བྱ་རྒྱུ་དང་འབབ་འཕར་སྒོར་དུང་ཕྱུར་8.88ཡན་ཟིན་པ་བྱ་རྒྱུ།

    03སྨན་བཅོས་འགན་སྲུང་།

    ♦ དམངས་འཚོའི་བྱ་བ་དངོས་ཁག་20ཏན་ཏིག་ངང་ཡག་པོ་བསྒྲུབ་རྒྱུ་དང་། དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་འཆར་གཞི་ལག་ལེན་གཏིང་ཟབ་བསྟར་ཏེ་ལས་ཞུགས་བྱ་ཡུལ་དུ་འགན་བཅོལ་ནང་ཞུགས་སྐབས་ཐེམ་ཐོ་ཡོད་མེད་ཀྱི་ཚོད་འཛིན་མེད་པར་བཟོ་རྒྱུ།

    ♦ སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་བཏང་ནས་རིམ་དབྱེའི་སྨན་བཅོས་ལམ་ལུགས་དོན་འཁྱོལ་དང་། འབྲེལ་ཟབ་གྲོང་ཁྱེར་སྨན་བཅོས་ཚོགས་པ་དང་། གྲོང་ཁྱེར་སྨན་བཅོས་མཉམ་འབྲེལ་ཚོགས་པ། འབྲེལ་ཟབ་རྫོང་ཁོངས་སྨན་བཅོས་གཅིག་མཐུན་ཚོགས་པ་བཅས་འཛུགས་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ།

    ♦ གྲོང་ཁྱེར་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་སྤོ་བའི་རྣམ་གྲངས་དང་། བུ་བཅོལ་ལྟེ་གནས་དང་དཔེ་སྟོན་རྣམ་གྲངས་སོགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ།

    ♦ སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་སྟངས་སྒྱུར་བཅོས་ཟབ་ཏུ་དང་སྨན་བཅོས་འགན་བཅོལ་ཐེབས་རྩའི་ལྟ་འདོམས་ནན་དུ་བཏང་ནས་མང་ཚོགས་ཀྱི་སྨན་པ་བསྟེན་པའི་དངུལ་དང་སྲོག་སྐྱོབ་བྱེད་ཀྱི་དངུལ་ཏན་ཏིག་སྲུང་རྒྱུ།

    04འགྲིམ་འགྲུལ།

    ♦ བྱང་སྐོར་གྱི་ནུབ་བསྲིངས་ལམ་དང་མཉེས་ཐང་ཟམ་ཆེན་སོགས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དང་། ལྷ་སའི་རིག་ནུས་འཁོར་ལམ་དང་། གཙང་འགྲམ་ལམ་གྱི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་དུས་ཐེངས་དང་པོ་དང་མཐོ་གསར་ཟམ་ཆེན་སོགས་ཀྱི་རྣམ་གྲངས་ལས་འགོ་བཙུགས་ནས་བསྐྲུན་རྒྱུ།

    ♦ ལྷ་སའི་གྲོང་སྐོར་མྱུར་བགྲོད་གཞུང་ལམ་དང་བྱེད་ནུས་གླིང་གི་འབྲེལ་མཐུད་ལམ་བུ་སོགས་རྣམ་གྲངས་ཀྱི་དུས་འགོར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ།

    05སྡོད་ཁང་འགན་སྲུང་།

    ♦ མི་རྩ་བར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་བཏང་ནས་སྲིད་ཇུས་ཀྱི་དཀའ་གནད་བསལ་ཏེ་གྲོང་མི་གསར་པའི་སྡོད་ཁང་ཐད་ཀྱི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་འགན་སྲུང་བྱ་རྒྱུ།

    ♦ ཁུལ་ཆུང་རྙིང་པ་49སྒྱུར་བཀོད་བྱ་རྒྱུ་དང་། ལྷ་སའི་གནའ་གྲོང་སྲུང་སྐྱོང་དང་གྲོང་ཁུལ་རྙིང་པ་སྒྱུར་བཀོད་བྱ་རྒྱུ། སོལ་རླངས་མདོང་ལམ་གསར་བརྗེས་སྒྱུར་བཀོད་དང་། ཐོག་ཁང་རྙིང་པར་གློག་སྐས་བསྒར་རྒྱུར་སྐུལ་འདེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཅིག་སྡུད་ཆུ་མཁོ་འདོན་ལ་རྒྱུན་མཐུད་སྐུལ་འདེད་བཅས་གཏོང་རྒྱུ།

    06གྲོང་གསེབ་འཛུགས་སྐྲུན།

    ♦ ཞིང་ལས་ཀྱི་གཉེར་སྐྱོང་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ་དང་། ཞིང་འབྲོག་ཁུལ་གྱི་མིང་ཙམ་གྱི་མཉམ་ལས་ཁང་གཙང་སེལ་བྱ་རྒྱུ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལྡབ་འཕར་གྱི་འཆར་གཞི་ལག་ལེན་བསྟར་རྒྱུ།

    ♦ ཞིང་འབྲོག་ཁུལ་གྱི་ཆུ་དང་། གསང་སྤྱོད། ལམ། ཐབ་ཚང་། ཁང་པ། བ་ཚང་བཅས་སྒྱུར་བཀོད་ཀྱི“སྒྱུར་བཀོད་དྲུག”ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་གྲོང་གསེབ་ཀྱི་རྣམ་པ་དང་ཞིང་འབྲོག་ཁུལ་གྱི་སྡོད་མལ་ཁོར་ཡུག་ཕྱོགས་ཡོངས་ནས་ལེགས་སུ་གཏོང་རྒྱུ།

    ♦ གྲོང་ཁྱེར་ཡོངས་ཀྱི་གྲོང་གསེབ་ཀྱི་གཞུང་ལམ“གྲོང་ཚོ་ཀུན་ཁྱབ”འཛུགས་སྐྲུན་ལ་སྤྱི་འདོམས་འཆར་འགོད་བྱ་རྒྱུ།

    07གྲོང་ཁྱེར་དོ་དམ་གྱི་ལས་དོན་སྒྲིག་བཀོད།

    ♦ ལྷོ་རིའི་སྤྱི་གླིང་སོགས་གྲོང་ཁྱེར་གྱི་སྤྱི་གླིང་གསར་སྐྲུན་དང་སྒྱུར་བཀོད་བྱ་རྒྱུ་དང་། གྲོང་ཁུལ་གྱི་གཞུང་ལམ་འབྲེལ་རྒྱ་ཆེ་རུ་བཏང་ནས་གྲོང་ཁྱེར་གྱི་བགྲོད་ལམ་ཚང་མ་ཤར་གཏོང་ཡོང་བར་བྱ་རྒྱུ།

    ♦ ས་སྟེང་དང་ས་འོག་གི་འཁོར་རིགས་འཇོག་ས་དང་ལངས་གཟུགས་འཁོར་རིགས་འཇོག་སའི་བཀོད་པ་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ།

    ♦ གྲོང་ཁྱེར་གྱི་འགྲོ་ལམ་རྙིང་པ་དང་། སྤྱི་སྤྱོད་རླངས་འཁོར་སྒུག་ས། ལམ་སྒྲོན་དང་ལམ་སྐྱོར། ཁྲོན་ཁེབས་དང་མདོང་ལམ་གསར་བརྗེས་སྒྱུར་བཀོད་སོགས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་རྒྱུ།

    ♦ ནུས་རྒྱུ་གསར་པའི་གློག་བརྗེས་ས་ཚིགས་དང་གློག་སྡོང་སོགས་ཀྱི་བཀོད་པ་འཛུགས་སྐྲུན་ལ་སྤྱི་འདོམས་བྱས་ཏེ་གྲོང་མི་སྡོད་ཁུལ་གྱི་གློག་གསོག་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ།

    འགན་འཁུར་རྩོམ་སྒྲིག་པ། བུ་ཆུང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།