དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཇ་ཁང་གི་སྦྱིན་བདག་དཀོན་མཆོག་དཔལ་མོས་བརྗོད་དོན།

    “འགྲིམ་འགྲུལ་ཤར་གཏོང་ཐུབ་པས་ང་ཚོའི་འཚོ་བ་སྔར་བས་སྐྱིད་དུ་སོང”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-01

    འདི་ནི་ཇ་ཁང་གི་སྦྱིན་བདག་དཀོན་མཆོག་དཔལ་མོས་ཇ་བཟོ་བཞིན་པ།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གི་འགྲིམ་འགྲུལ་མ་ལག་འཛུགས་སྐྲུན་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་བསྟུན་ནས་ལྷ་ཉིང་མྱུར་བགྲོད་གཞུང་ལམ་དང་། རྒྱལ་ལམ་318 རྒྱལ་ལམ་349 ཞིང་ཆེན་ལམ་507བཅས་རྫོང་གྲོང་དང་གྲོང་གསེབ་བར་ཤར་གཏོང་ཐུབ་པས། རྫོང་ཡོངས་ཀྱི་འགྲིམ་འགྲུལ་རྣམ་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། འགྲིམ་འགྲུལ་གྱི་འགྱུར་ལྡོག་ལས་མང་ཚོགས་ལ་སྟབས་བདེ་བྱུང་བའི་སྐོར་ལ་བཅར་འདྲི་བྱ་ཆེད། གསར་འགོད་པ་རྩ་ཞོལ་ཤང་ཀློང་གྲོལ་སྒང་གྲོང་ཚོའི་མལ་གྲོ་གུང་དཀར་རྫོང་མགུ་སྟོད་ཇ་ཁང་དུ་བཅར་འདྲི་བྱེད་པར་བསྐྱོད།

    དཔང་མི་ཞིག་གི་ངོས་ནས། ཇ་ཁང་གི་སྦྱིན་བདག་དཀོན་མཆོག་དཔལ་མོར་དེའི་སྐོར་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད། ཁོ་མོའི་ཇ་ཁང་དང་ཀློང་གྲོལ་སྒང་ཟམ་ཆེན་བར་དུ་སྨི་བརྒྱ་ཕྲག་ཙམ་ལས་མེད། ཟམ་ཆེན་མ་བསྐྲུན་གོང་གི་ལམ་ཡག་པོ་མེད་པའི་སྐོར་གླེང་སྐབས་དཀོན་མཆོག་དཔལ་མོས་དེ་ལྟར་བརྗོད་པ་སྟེ།

    “སྔོན་ཆད་ལམ་ཧ་ཅང་དོག་པ་མ་ཟད། ད་དུང་གཙང་སྦྲ་ཡག་པོ་མེད། བཙོག་ཟིང་ཆེ་བ་དང་གང་སར་ལྕི་བས་ཁེངས་པའི་ཁར་གད་སྙིགས་གང་བྱུང་དུ་དབྱུག་གི་ཡོད། ལྷག་པར་དུ། ཆར་པ་འབབ་པའི་སྐབས་འགྲོ་སྐྱོད་བདེ་པོ་རྩ་བ་ནས་མེད། ཟམ་ཆེན་འདི་མ་བསྐྲུན་གོང་ང་ཚོ་ཚང་མ་ཀྱག་ཀྱོག་གི་རི་ལམ་བརྒྱུད་ནས་འགྲོ་དགོས་ཀྱི་ཡོད་པ་དང་ཚོང་ཟོག་འཐེན་པར་དཀའ་ངལ་ཧ་ཅང་ཆེན་པོ་ཡོད། ངའི་བཟའ་ཟླ་ཚོང་ཟོག་འཐེན་པར་འགྲོ་ཐེངས་རེར་སེམས་ཁྲལ་ཐེངས་རེ་བྱེད་དགོས་ཀྱི་འདུག”ཅེས་བརྗོད།

    དེའི་གོང་ཀློང་གྲོལ་སྒང་གྲོང་ཚོའི་གྲོང་མི་ལྷུན་གྲུབ་རྫོང་ངར་ནང་ཤང་དུ་འགྲོ་དགོས་ན། ངེས་པར་དུ་ཀྱག་ཀྱོག་གི་རི་ལམ་དུམ་བུ་ཞིག་བརྒྱུད་དགོས་ཀྱི་ཡོད། ལམ་ཐག་རིང་བས་མ་ཚད་ད་དུང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཡང་ཡོད་པ་རེད། ཀློང་གྲོལ་སྒང་ཟམ་ཆེན་ལ་རླངས་འཁོར་ཤར་གཏོང་ཐུབ་པ་དང་བསྟུན་ནས་ས་གནས་གཉིས་དབར་གྱི་འགྲོ་སྐྱོད་དུས་ཚོད་དེ་སྔའི་ཆུ་ཚོད་གཅིག་ནས་ད་ཆའི་སྐར་མ་30བར་ཐུང་དུ་ཕྱིན་ནས་གྲོང་མིའི་འགྲོ་སྐྱོད་ལ་ཧ་ཅང་སྟབས་བདེ་བྱུང་ཡོད།

    ལྷ་ས་གྲོང་ཁྱེར་གྱི་འགྲིམ་འགྲུལ་ཁྱབ་ཁོངས་ཀྱི་གཙོ་གནད་རྣམ་གྲངས་ཀྱི་གྲས་ཤིག་ཡིན་པའི་ཀློང་གྲོལ་སྒང་ཟམ་ཆེན་ནི་མལ་གྲོ་གུང་དཀར་རྫོང་གིས་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་ལ་ཤུགས་སྣོན་རྒྱག་པའི་བྱ་ཐབས་ནུས་ལྡན་ཞིག་ཡིན་པ་མ་ཟད། ད་དུང་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་གྲྭ་གལ་ཆེན་ཞིག་ཀྱང་རེད། རྣམ་གྲངས་དེར་བསྡོམས་མ་དངུལ་སྒོར་ཁྲི་2800ལྷག་ཙམ་བཏང་བ་དང་ཟམ་ཆེན་གྱི་རིང་ཚད་ལ་སྤྱི་ལེ་0.824ཟིན་ཡོད།

    ཀློང་གྲོལ་སྒང་ཟམ་ཆེན་བསྐྲུན་པ་དེ་ནི་མལ་གྲོང་གུང་དཀར་རྫོང་གིས་ས་ཁོངས་འགྲིམ་འགྲུལ་ཁོར་ཡུག་ལེགས་སུ་གཏོང་བའི་གོམ་སྟབས་གལ་ཆེན་ཞིག་ཡིན་པ་མ་ཟད། ད་དུང་ས་གནས་དེ་གའི་མང་ཚོགས་ཀྱི་ཐོན་སྐྱེད་དང་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱེད་པའི་གོམ་སྟབས་ཆེན་པོ་ཞིག་ཀྱང་རེད།

    “ཟམ་ཆེན་ལ་རླངས་འཁོར་ཤར་གཏོང་ཐུབ་པ་ནས་བཟུང་ང་ཚོར་བོད་ཐུག་དགོས་ན་ཁ་པར་རྒྱག་ཐེངས་གཅིག་ལ་རྫོང་ནང་གི་ཐུག་འཐག་ཁང་ནས་ལམ་སེང་སྒོ་ཁར་སྐྱེལ་བར་ཡོང་གི་རེད། ཚོང་ཁང་ནང་གི་ཚོང་ཟོག་ཀྱང་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་མ་ཟད། ང་ཚོས་ད་དུང་ཆུ་མོག་དང་འབྲས་ཚལ་སོགས་བཟོ་ཡི་ཡོད། ངར་ནང་ཤང་གི་གྲོང་མི་ཡང་ང་ཚོའི་འདི་གར་ཇ་འཐུང་བར་ཡོང་གི་ཡོད་པས། ཉིན་རེ་ལས་མ་འདས་པར་ཚོང་ལེགས་སུ་འགྲོ་གི་འདུག ཉིན་གཅིག་ལ་ཉུང་མཐར་ཡང་སྒོར་700ལྷག་ཙམ་རག་གི་འདུག”ཅེས་ད་ལྟའི་འཚོ་བའི་སྐོར་གླེང་སྐབས་དཀོན་མཆོག་དཔལ་མོས་དགའ་ཚོར་ཆེན་པོས་དེ་ལྟར་བརྗོད།

    དཔལ་འབྱོར་འཕེལ་རྒྱས་གཏོང་བར། སྔོན་ལ་འགྲིམ་འགྲུལ་ཡག་པོ་དགོས། ད་ཆ་སྔོན་ཆད་ཀྱི་གུ་དོག་ལ་ཀྱག་ཀྱོག་གི་ལམ་བུ་དང་བྲལ་ནས་ཀློང་གྲོལ་སྒང་ཟམ་ཆེན་གྱིས་ཡངས་ཤིང་ཁོད་སྙོམས་པའི་རྣམ་པ་གསར་རྐྱང་ཞིག་གི་ཐོག་ནས་གྲོང་གསེབ་འཕེལ་རྒྱས་ལ་གསོན་ཤུགས་རྒྱུན་ཆད་མེད་པར་སྣོན་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།