དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གྲོང་ཚོའི་སྨན་པ་ངག་རྒྱལ་འཇིགས་མེད་ཀྱི་བསམ་འདུན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-01

    གྲོང་ཚོའི་སྨན་པ་ངག་རྒྱལ་འཇིགས་མེད་ཀྱི་སྨན་བཅོས་ཁང་དེ་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་མཚོ་དམར་ཤང་གི་གྲོང་ཚོ་གསུམ་པར་གནས་པ་དང་གཞུང་ལམ་འགྲམ་གྱི་ཁང་པ་ཐོག་གཅིག་མ་ཞིག་ཡིན་པས་ངོ་ཆོད་བདེ་པོ་ཡོད། ཕྱོགས་བཞིར་འཛུགས་སྐྲུན་མང་པོ་མེད་ཅིང་ཐག་རིང་གི་རི་བོའི་མུ་འཁྱུད་དག་གནམ་དྭངས་བའི་དུས་སུ་གསལ་ཐིང་ངེར་མཐོང་གི་ཡོད།

    ཁོང་གི་སྨན་བཅོས་ཁང་དུ་སྐྱོད་སྐབས་དང་ཐོག་མིག་ལམ་དུ་འཆར་བ་ནི་ནད་པས་ཁོང་ལ་ཐུགས་རྗེ་ཆེ་ཞུ་ཆེད་བསྐྱལ་བའི་གྱང་ངོས་ཀྱི་བོད་ཡིག་ནས་བྲིས་པའི་གོས་དར་ཡིན་པ་དང་། ཁ་སྤྲོད་ཀྱི་གྱང་ཐོག་ཏུ་ཤེལ་དམ་སྣ་ཚོགས་བཞག་ཡོད་པ་དེ་དག་ཚང་མ་སྨན་རྒྱུ་ཤ་སྟག་རེད། གསོ་རིག་སློབ་སྦྱོང་དང་། སྨན་བཅོས་བྱེད་པ། བོད་ཀྱི་གསོ་བ་རིག་པ་བརྒྱུད་སྤེལ་བཅས་ཀྱིས་ཁོང་གི་འཚོ་བའི་ཆ་ཤས་མང་ཆེ་བ་བཟུང་ཡོད།

    ངག་རྒྱལ་འཇིགས་མེད་ནི་ཉེ་འཁོར་དུ་སྐད་གྲགས་ཆོད་ཤོས་ཀྱི་ན་གཞོན་སྨན་པ་ཞིག་ཡིན་པ་དང་ནག་ཆུ་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་དང་ཨ་མདོའི་སྲོལ་རྒྱུན་བོད་ཀྱི་གསོ་བ་རིག་པ་སྨུག་པོ་གཟེར་འཇོམས་ཀྱི་རྒྱུན་འཛིན་པ་མི་རབས་ལྔ་པ་རེད། ཁོང་གིས་རྒྱུན་དུ་ཉིན་མོ་སྨན་ཁང་དུ་ནད་པར་སྨན་བཅོས་བྱེད་པ་དང་། ས་སྲོས་ལ་ཡང་གྲོང་མིའི་ཁྱིམ་དུ་ནད་གཞི་ལྟ་བར་འགྲོ་གི་ཡོད། ས་རྒྱ་ཆེ་ལ་མི་འབོར་ཉུང་བ་དང་ལམ་ཐག་རིང་བས་ཁྱིམ་དུ་ལོག་སྐབས་རྟག་ཏུ་མཚན་གུང་ཆགས་ཀྱི་ཡོད།

    ད་ཆ་གཞོན་ནུ་མང་པོ་ཞིག་ཀྱང་སྲོལ་རྒྱུན་གྱི་བོད་ཀྱི་གསོ་བ་རིག་པ་རྒྱུན་འཛིན་གྱི་ལམ་བུར་སྐྱོད་བཞིན་ཡོད། ས་གནས་དེ་གའི་སྲིད་གཞུང་དང་སྨན་རྩིས་ཁང་སོགས་ཀྱིས་ལོ་ལྟར་འབྲེལ་ཡོད་གསོ་སྦྱོང་སྒྲིག་འཛུགས་བྱས་ནས་བོད་ཀྱི་གསོ་བ་རིག་པའི་བོད་སྨན་གྱི་སྨན་ནུས་དང་། ལོ་རྒྱུས། ལག་ལེན་སློབ་ཁྲིད་སོགས་བྱས་ཏེ་ས་གནས་དེ་གའི་གྲོང་ཚོའི་སྨན་པའི་བོད་ཀྱི་གསོ་བ་རིག་པའི་ལག་རྩལ་ཆུ་ཚད་མཐོ་རུ་གཏོང་གི་ཡོད་པ་རེད།

    སྨན་བཅོས་ཁང་ནས་ང་ཚོར་གྲྭ་ཆས་གྱོན་པའི་གཞོན་ནུ་ཞིག་འཕྲད་བྱུང་། ཁོང་ནི་ཉེ་འཁོར་གྱི་དགོན་སྡེའི་སྨན་པ་རྡོ་རྗེ་དབང་གྲགས་རེད། དུས་རྒྱུན་ཁོམ་པ་བྱུང་རིམ་བཞིན་ཁོང་སྨན་བཅོས་ཁང་དུ་ཡོང་སྟེ་ངག་རྒྱལ་འཇིགས་མེད་ཀྱི་ས་ནས་སློབ་སྦྱོང་བྱེད་པ་དང་ནད་ལྟ་བ་སོགས་བྱེད་ཀྱི་ཡོད། “ཁོང་གི་སྨན་བཅོས་ལག་རྩལ་བྱང་ཆུབ་ལ་ཀུན་སྤྱོད་ཀྱང་ཧ་ཅང་ཡག་པོ་ཡོད”ཅེས་རྡོ་རྗེ་དབང་གྲགས་ཀྱིས་དགེ་རྒན་ལ་གུས་བཀུར་ཆེན་པོ་བྱེད་བཞིན་དུ་དེ་ལྟར་བཤད།

    ནད་པ་སྐྱོབ་པའི་བརྩེ་སེམས་འཆང་བཞིན་དུ་ངག་རྒྱལ་འཇིགས་མེད་སོགས་ཀྱིས་ནུས་ཤུགས་ཡོད་རྒུས་སྨན་བཅོས་ཁང་གི་ལས་དོན་ལེགས་སྒྲུབ་བྱས་པ་མ་ཟད། ད་དུང་དུས་ཡུན་རིང་པོའི་ནང་ས་གནས་དེ་གའི་རྒན་གསོ་ཁང་གི་རྒན་རྒོན་ཚོར་སྨན་རིན་མི་དགོས་པར་སྨན་བཅོས་བྱེད་པ་དང་། དུས་ངེས་མེད་དུ་གྲོང་ཚོར་འོས་འགན་སྐོར་སྐྱོད་སྨན་བཅོས་བྱེད་པར་བསྐྱོད་ཀྱི་ཡོད། 2024ལོར་ཁོང་རྒྱལ་ཡོངས་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱི་སྔོན་ཐོན་ལས་དོན་པའི་འོས་སྦྱོར་བྱ་ཡུལ་དུ་གྱུར།

    ད་ཆ་སྲོལ་རྒྱུན་གྱི་བོད་ཀྱི་གསོ་བ་རིག་པ་དེ་དུས་རབས་དང་སྦྲེལ་མཐུད་ཐུབ་པ་དང་། སྔོན་ཐོན་གྱི་སྨན་བཅོས་མ་ལག་གཞན་དང་ཟུང་འབྲེལ་ཐུབ་པ། སློབ་ཁྲིད་དང་། ཞིབ་འཇུག ཐོན་སྐྱེད་སོགས་ཀྱི་ལྷུ་ཚིགས་ཚང་མ་གོ་རིམ་ལྡན་ལ་ཆེད་ལས་ལྡན་པ་ཞིག་ཡོད། དེ་དང་ཆབས་ཅིག་ཐུན་མོང་མ་ཡིན་པའི་རིག་གནས་ཤུལ་བཞག་ཡིན་པའི་བོད་ཀྱི་གསོ་བ་རིག་པ་དེ་2006ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཁག་དང་པོའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པ་དང་། ས་ཁུལ་མི་འདྲ་བའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བོད་ཀྱི་གསོ་བ་རིག་པའི་ལག་རྩལ་ལམ་ཡང་ན་སྨན་རྫས་རིམ་བཞིན་ཇེ་མང་དུ་འགྲོ་གི་ཡོད་པ་རེད།

    སྲོལ་རྒྱུན་གྱི་བོད་ཀྱི་གསོ་བ་རིག་པ་དེ་བས་ཐག་རིང་སར་ཁྱབ་གདལ་གང་མང་བཏང་ནས་སྲོལ་རྒྱུན་གྱི་བོད་ཀྱི་གསོ་བ་རིག་པར་དེང་གི་དུས་སུ་གསོན་ཤུགས་གསར་པ་འཕེལ་བ་བྱས་ཏེ། མི་དེ་བས་མང་བའི་བདེ་ཐང་ལ་ཞབས་འདེགས་ཞུ་རྒྱུ་ནི་གྲོང་ཚོའི་སྨན་པ་ངག་རྒྱལ་འཇིགས་མེད་དང་བོད་ཀྱི་གསོ་བ་རིག་པ་སྦྱོང་མཁན་བགྲང་ལས་འདས་པའི་བསམ་འདུན་ཞིག་ཀྱང་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།