མི་རིགས་མཐུན་སྒྲིལ་མེ་ཏོག་རྣམ་པར་བཀྲ།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་དུས་མཚུངས། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་ཏན་ཏིག་བྱས་པས། བོད་ཀྱི་ས་ཕྱོགས་གང་ས་ནས་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པའི་གཏམ་བཟང་ལྷང་ལྷང་དུ་གྲགས་བཞིན་མཆིས།
གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་བྱེ་བ་ཤང་ཕུ་སྣ་གྲོང་ཚོར་བོད་རིགས་དང་། རྒྱ་རིགས། ཧུད་རིགས། ས་ལར་རིགས། དབྱིས་རིགས་སོགས་མི་རིགས་མང་པོའི་གྲོང་མི་འདུས་སྡོད་བྱེད་བཞིན་ཡོད་ཅིང་། ལོ་མང་རིང་། འདི་གའི་མི་རིགས་ཁག་གི་མང་ཚོགས་ཀྱིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་འགྲོ་བའི་གཏམ་རྒྱུད་རྒྱུན་ཆད་མེད་པར་རྩོམ་བཞིན་ཡོད། མིག་སྔར་གྲོང་ཚོ་ཡོངས་ཀྱི་དུད་ཚང་60ཡི་ཁྲོད་མི་རིགས་མཐུན་སྒྲིལ་གྱི་དུད་ཚང་9དང་། མི་རིགས་མང་བའི་དུད་ཚང་5 གྲོང་ཚོ་རིམ་པས་དཔྱད་འདེམས་བྱས་པའི་མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་དུད་ཚང་4བཅས་ཡོད་པ་རེད། 2017ལོར་ཕུ་སྣ་གྲོང་ཚོར་ཀྲུང་དབྱང་བསམ་པའི་དཔལ་ཡོན་སྲོལ་གཏོད་མཛུབ་ཁྲིད་ཨུ་ལྷན་གྱིས“རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ”གྱི་མཚན་སྙན་སྤྲད་པ་དང་། 2019ལོར་བྱེ་བ་ཤང་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ”ཀྱི་གཟི་བརྗིད་མཚན་སྙན་སྤྲད་པ་རེད།
བོད་ལྗོངས་ཧྲང་ཁྲུའུ་ཐབ་ཆས་ཚན་རྩལ་ཚད་ཡོད་ཀུང་སི་2022ལོའི་ཟླ་5པར་ལྷ་ས་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་དུ་གཞིས་ཆགས་ཚུན། “མི་རིགས་མང་བའི་ཀུང་སིའི་ལས་མི་ཚང་མས་མཐུན་སྒྲིལ་འབད་འཐབ་བྱས་ནས་ལེའུ་གསར་རྩོམ་པའི”འདུ་ཤེས་མཐའ་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་དང་ཁེ་ལས་ཡར་ཐོན་མཉམ་འདྲེས་གཏིང་ཟབ་བྱས་ནས་ཁེ་ལས་རྣམ་པ་གསར་པ་དང་ཡར་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད།
ཀུང་སི་དེའི་མི་དོན་སྡེ་ཚན་གྱི་འགན་འཁུར་བས། “ལས་བཟོ་100ཡི་ནང་རྒྱ་རིགས་དང་། བོད་རིགས། དབྱིས་རིགས། ཆའང་རིགས་སོགས་མི་རིགས་མི་འདྲ་བ་7ཡོད་པ་དང་། ཁོང་ཚོས་བྱ་སྤྱོད་དངོས་ལ་བརྟེན་ནས་མི་རིགས་མི་འདྲ་བའི་ཡུལ་གོམས་གཤིས་ལུགས་ལ་ཕན་ཚུན་བསམ་ཤེས་དང་བརྩི་འཇོག་བྱེད་པའི་སྲོལ་བཟང་དར་སྤེལ་བཏང་ཡོད”ཅེས་ངོ་སྤྲོད་བྱས།
བོད་ལྗོངས་ཧྲང་ཁྲུའུ་ཐབ་ཆས་ཀུང་སི་བཙུགས་པ་ནས་བཟུང་། སྔ་རྗེས་སུ“རྒྱལ་ཡོངས་ཀྱི་བཟོ་ལས་ཐོན་རྫས་ཐོན་སྐྱེད་ཆོག་འཐུས་ལག་ཁྱེར”དང“བོད་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་བསྟོད”སོགས་ཀྱི་གཟི་བརྗིད་མཚན་སྙན་མང་པོ་ཐོབ་པ་མ་ཟད། ད་དུང་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས“ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་བསམ་པའི་ཁྱིམ་གཞིས་སྐྲུན་པའི་ལག་ལེན་རྟེན་གཞིའི”མཚན་སྙན་སྤྲད་པ་དེ་ཐོག་ནས་ཁེ་ལས་ཀྱིས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་ཀྱི་འགན་འཁྲིར་མཐོང་ཆེན་བྱེད་ལུགས་མཚོན་ཡོད།
ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གྲ་ཕྱི་ཤང་བདེ་སྐྱིད་གྲོང་གསར་དུ་བོད་རིགས་དང་། རྒྱ་རིགས། ཧོར་རིགས་སོགས་ཀྱི་མང་ཚོགས་800ལྷག་ཙམ་འཚོ་བ་སྐྱེལ་བཞིན་ཡོད། བདེ་སྐྱིད་གྲོང་གསར་ལ་སྔ་རྗེས་སུ་རྫོང་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་དང་། ལྷོ་ཁ་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཚན་པ། རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་གྲོང་ཚོ(གྲོང་ལྷན)སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། གྲོང་ཚོ་དེ་ཉིད་ལྷོ་ཁ་གྲོང་ཁྱེར་གྱི་ཉེ་རིང་གང་སར་སྐད་གྲགས་ཆོད་པའི“མཐུན་སྒྲིལ་གྲོང་ཚོ”ཞིག་ཏུ་གྱུར་ཡོད།