གཞུང་ལམ་དྲ་བས་ཕྱོགས་བཞིའི་ཡུལ་ལུང་སྦྲེལ།
1954ལོར་ཁྲོན་བོད་གཞུང་ལམ་དང་མཚོ་བོད་གཞུང་ལམ“འཛམ་གླིང་ཡང་རྩེར”བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་། ད་ལོ་ནི་ཁྲོན་བོད་དང་མཚོ་བོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ནས་ལོ་70འཁོར་བའི་ལོ་ཞིག་རེད་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལམ་གཉིས”བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་ནས་ལོ་60འཁོར་བར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་དང“ལམ་གཉིས”ཀྱི་སྙིང་སྟོབས་དར་སྤེལ་གཏོང་དགོས་ཞེས་ཁ་གསལ་བཏོན་གནང་ནས་ལོ་10འཁོར་བའི་ལོ་ཞིག་ཀྱང་རེད།
2014ལོའི་ཟླ་8པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲོན་བོད་དང་མཚོ་བོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ནས་ལོ་60འཁོར་བར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས“དུས་བབ་གསར་པའི་འོག‘ལམ་གཉིས’ཀྱི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་ནས་ལམ་གཉིས་བདག་སྐྱོང་ཡག་པོ་དང་ཤར་གཏོང་གི་འགན་ལེན་བྱས་ཏེ་ཁྲོན་བོད་དང་མཚོ་བོད་གཞུང་ལམ་དེ་གཉིས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་གྱི་ལམ་བུ་དང་། བོད་ཀྱི་ཤེས་དཔལ་ཡར་ཐོན་གྱི་ལམ་བུ། བོད་ཀྱི་མི་རིགས་ཁག་གི་སྤུན་ཟླ་ཐུན་མོང་ཐོག་ཕྱུག་འགྱུར་གྱི་ལམ་བུ་བཅས་སུ་འགྱུར་བ་བྱེད་དགོས”ཞེས་གསུངས་པ་རེད།
ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཁྲོན་བོད་དང་མཚོ་བོད་གཞུང་ལམ་འཛུགས་སྐྲུན་དང་བདག་སྐྱོང་བྱེད་པའི་ལག་ལེན་རླབས་པོ་ཆེའི་ཁྲོད“གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་གཉིས་ནས་ཤི་རྒྱུར་མི་སྐྲག་པ་དང་། སྙིང་རུས་ཆེན་པོས་བརྩོན་ལེན་བྱས་ནས་ལམ་རྡོ་བྱེད་ཕོད་པ། དམག་དམངས་ཁྱིམ་ཚང་གཅིག མི་རིགས་མཐུན་སྒྲིལ”བཅས་ཀྱི“ལམ་གཉིས”ཀྱི་སྙིང་སྟོབས་དར་སྤེལ་བཏང་བ་མ་ཟད། ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུའང་གྱུར་ཡོད།
“ལམ་གཉིས”ནི་གངས་ལྗོངས་ས་མཐོའི་མཐུན་སྒྲིལ་གྱི་ལམ་བུ་དང་། བདེ་སྐྱིད་ཀྱི་ལམ་བུ། འབྱོར་ཕྱུག་གི་ལམ་བུ་བཅས་རེད། “ལམ་གཉིས”ཀྱི་སྙིང་སྟོབས་ཀྱིས་མི་རབས་ནས་མི་རབས་བར་རྒྱུན་མཐུད་འབད་འཐབ་དང་ངོ་མཚར་མང་པོ་གཏོད་དགོས་པའི་སྐུལ་ལྕག་བྱེད་ཀྱི་ཡོད།
མིག་སྔར། བོད་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་12.33ཟིན་པའི་ནང་རིམ་མཐོའི་གཞུང་ལམ་སྤྱི་ལེ་1196ཡོད་པ་རེད། གྲོང་གསེབ་ཀྱི་གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་9.3ཟིན་པ་དང་ཆ་རྐྱེན་འཛོམས་པའི་ཤང་དང་གྲོང་རྡལ་དང་སྲིད་འཛིན་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་ཡོད་པ་རེད། ལམ་བུར་བརྟེན་ནས་དར་རྒྱས་བྱུང་བ་དང་། ལམ་བུར་བརྟེན་ནས་ཕྱུག་པོ་ཆགས་པ། ལམ་བུར་བརྟེན་ནས་མཛེས་སྡུག་ལྡན་པར་གྱུར་ཡོད། ལམ་རྒྱུད་ཀྱི་དེ་སྔའི་རི་གྲོང་གི་གྲོང་མི་དབུལ་པོ་མང་དག་ཅིག་ད་ཆ་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་བཞིན་ཡོད།
དེང་གི་བོད་ལྗོངས་སུ་གཞུང་ལམ་རིམ་མཐོ་ཅན་དང་། ལྕགས་ལམ་དྲ་རྒྱ་ཅན། དམངས་སྤྱོད་མཁའ་འགྲུལ་མཉམ་སྦྲེལ་ཅན། སྦྲག་སྲིད་ཡོངས་ཁྱབ་ཅན་བཅས་སུ་གྱུར་ཚད་མགྱོགས་སུ་ཕྱིན་ནས། དེང་རབས་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་བ་ཆེན་པོ་ཞིག་གིས་མི་རིགས་ཁག་གི་མི་དམངས་ཁྲི་360ལྷག་ཙམ་དང་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་སྤུན་ཟླའི་མི་རིགས་དབར་གཅིག་སྦྲེལ་དམ་ཟབ་བྱས་ནས་མཉམ་དུ་ཐུན་མོང་འབྱོར་ཕྱུག་གི་ཡངས་ཤིང་རྒྱ་ཆེ་བའི་ལམ་བུར་སྐྱོད་བཞིན་མཆིས།