བོད་སྐྱོར་སྡོང་པོར་གཡུར་ཟའི་འབྲས་བཟང་སྨིན།
1994ལོར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་ཐོག“ཁ་གཏད་བོད་སྐྱོར་དང་། ཁག་བགོས་འགན་འཁུར། དུས་བཀག་བརྗེ་རེས”བཅས་ཀྱི་ཐབས་ཇུས་གལ་ཆེན་བཏོན་ནས་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་འགོ་ཚུགས།
2015ལོའི་ཟླ་8པ་དང་2020ལོའི་ཟླ་8པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུར་ཐེངས་གཉིས་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ་རེད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བོད་ལ་ཁ་གཏད་རོགས་སྐྱོར་གྱི་ལས་དོན་ཡག་པོ་བསྒྲུབས་ནས་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པའི་གྲུབ་ཆ་ལེགས་སུ་བཏང་སྟེ། ཕུལ་བྱུང་ཤེས་ལྡན་པ་ཆ་རྐྱེན་དཀའ་ཚེགས་ཆེ་བ་དང་གནས་ཚུལ་རྙོག་འཛིང་ཆེ་བའི་ས་ཁུལ་དུ་མངགས་ནས་སྙིང་སྟོབས་ཞུན་བརྡར་དང་འཇོན་ཐང་ཆེ་རུ་གཏོང་དགོས”ཞེས་གསུངས་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་རྒྱས་བཤད་གནང་བ་དང་འབྲེལ། བོད་སྐྱོར་ལས་དོན་ཐད“ཀྲུང་དབྱང་གིས་བོད་ལ་རྒྱབ་སྐྱོར་དང་རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གི་ཐོག་མཐའ་བར་གསུམ་གྱི་སྲིད་ཇུས་ཤིག་ཡིན་པས། ངེས་པར་དུ་ཡུན་རིང་མཐའ་འཁྱོངས་དང་ཉམས་མྱོང་ལ་ཕྱོགས་སྡོམ་ནན་ཏན་བྱས་ནས་བོད་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས”ཞེས་བླང་བྱ་ཁ་གསལ་བཏོན་གནང་བ་རེད།
ལོ་30ཡི་རིང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། ཀྲུང་དབྱང་རྩ་འཛུགས་པུས་འབྲེལ་ཡོད་ཕྱོགས་ཁག་དང་མཉམ་དུ་སྔ་རྗེས་སུ་ཁག་10ཡི་བོད་སྐྱོར་ལས་བྱེད་ཤེས་ལྡན་པ་ཁྲི་1.2ཙམ་བོད་དུ་ལས་ཀར་མངགས་ཏེ་གངས་ལྗོངས་ས་མཐོའི་ས་ཆ་ཁག་ཏུ་འབད་འཐབ་ལ་གཞོལ་ཡོད། མིག་སྔའི་བར་ཞིང་ཆེན(གྲོང་ཁྱེར)17དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་ཨུད་དང་དེ་བཞིན་མི་དམངས་ཚོགས་པ་78 ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩའི་ཁེ་ལས་དང་གཞུང་ཁོངས་རྐང་འཛིན་ཁེ་ལས་གལ་ཆེན་27གྱིས་ཁ་གཏད་བོད་སྐྱོར་བྱས་པ་རེད།
ལོ་30ཡི་རིང་བོད་སྐྱོར་བྱས་ནས་ས་མཐོར་དྲོ་སྐྱིད་སྦྱིན་པ་དང་ཕུགས་འདུན་གྲུབ་ནས་མཉམ་དུ་ལེའུ་གསར་བརྩམས་ཤིང་། བོད་ལ་ཁ་གཏད་རོགས་སྐྱོར་བྱས་པ་དེས་བོད་ཀྱི་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་མ་ཐེབས་པ་དང་། མི་རིགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་མ་ཐེབས་པ། མང་ཚོགས་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ཁག་གཅིག་ཐག་གཅོད་བྱུང་ཡོད། བོད་སྐྱོར་ལས་བྱེད་པས་སེམས་ཐག་གཙང་བཅད་ཀྱིས་ལེགས་སྐྱེས་ཕུལ་བ་དང་རོགས་སྐྱོར་བྱེད་མཁན་དང་བྱ་ཡུལ་ཕྱོགས་གཉིས་པོས་ཕྱར་བ་གྲུ་འདེགས་བྱས་པས་མིག་སྔའི་གྲུབ་འབྲས་དེ་ཐོབ་པ་རེད། འབྱུང་འགྱུར་བོད་སྐྱོར་བྱ་གཞག་དེ“གཅིག་རྒྱུན་གཅིག་མཐུད་དང་མི་རབས་ནས་མི་རབས་བར་མུ་མཐུད”བསྒྲུབས་ནས་བོད་འདི་ཉིད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་རྒྱུར་སྐུལ་འདེད་གཏོང་རོགས་བྱས་ཏེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཆེད“མཐུན་ཆ་ཆེ་ཤོས”གཏོད་རྒྱུ་རེད།