དཔལ་འབྱོར་འཕེལ་རྒྱས་ཡར་ངོའི་ཟླ་ལ་འགྲན།
2024ལོ་ཚུན་དུ། 《<ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས>ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་བསམ་འཆར》ལག་བསྟར་དོན་འཁྱོལ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་སྤྱི་འདོམས་མཐུན་སྦྱོར་ནུས་ལྡན་བྱས་པས། ལྗོངས་ཡོངས་ཀྱི་དཔལ་འབྱོར་དུས་ཚིགས་རེ་རེ་བཞིན་བརྟན་ཐོག་ཡར་འཕེལ་གྱི་འཕེལ་ཕྱོགས་བཟང་པོ་མངོན་ཡོད།
དུས་ཚིགས་དང་པོ་ནས་གསུམ་པའི་བར། རང་ལྗོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་སོགས་དཔལ་འབྱོར་དམིགས་ཚད་ཁག་7གྱི་འཕར་ཚད་ཚང་མ་སྤྱིར་ན་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་གདེང་ཚོད་ཡོད་པ་དང་། ཐབས་ཇུས་ཡོད་པ། བྱ་སྤྱོད་ནུས་ལྡན་ཡོད་པ་བཅས་ཀྱི་འབད་འཐབ་ཐོག་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་མིག་མཐོང་ལག་ཟིན་གྱི་བྱས་རྗེས་བཞག་སྟེ། དཔལ་འབྱོར་གྱི་སྤུས་ཚད་ལེགས་སུ་དང་གྲངས་འབོར་ལུགས་མཐུན་ངང་འཕར་བར་སྐུལ་འདེད་བཏང་ཡོད་པ་རེད།
གྲངས་གཞི་ལས་མངོན་པར། དུས་ཚིགས་དང་པོ་ནས་གསུམ་པའི་བར་བོད་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1785.74ཟིན་པ་དེ་དུས་མཚུངས་ལས་6.2%འཕར་བ་དང་། རང་ལྗོངས་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་21777ཟིན་པ་དེ་དུས་མཚུངས་ལས་8.1%འཕར་བ། ལྗོངས་ཡོངས་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་671.06ཟིན་པ་དེ་དུས་མཚུངས་ལས་6.2%འཕར་བ། ལྗོངས་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་84.36ཟིན་པ་དེ་དུས་མཚུངས་ལས་10.2%འཕར་བ་བཅས་བྱུང་ཞིང་། ཡོང་འབབ་བརྟན་པོ་འཕར་བ་དང་ཆབས་ཅིག་བོད་ཀྱི་འཛད་སྤྱོད་ཁྲོམ་རའི་གདེང་ཚོད་དང་གསོན་ཤུགས་ཀྱང་མངོན་ཡོད།
མ་འཇོག་རྣམ་གྲངས་དོན་འཁྱོལ་ཐུབ་པར་འགན་ལེན་བྱ་ཆེད། བོད་ཀྱིས་2024ལོར་རྒྱལ་བུན་དང་སྲིད་གཞུང་གི་ཆེད་དོན་བུ་ལོན་སོགས་ཀྱི་རྣམ་གྲངས་ལ་མ་རྩ་འཇོག་རྒྱུར་རང་འགུལ་ངང་སྦྲེལ་མཐུད་བྱས་པས། དུས་ཚིགས་དང་པོ་ནས་གསུམ་པའི་བར། ལྗོངས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་རྩ་འཇོག་ཚད་མགྱོགས་མྱུར་འཕར་ནས་སྒོར་དུང་ཕྱུར་དང་དེ་ཡན་གྱི་རྣམ་གྲངས་ལ་མ་རྩ་འཇོག་ཚད་དུས་མཚུངས་ལས་38.0%འཕར་ཏེ་མ་འཇོག་བྱེད་ཚད་ཚང་མ་བརྒྱ་ཆའི་གྲངས་19འཕར་རྒྱུར་སྐུལ་ཁྲིད་ཐུབ་ཡོད་པ་རེད།
ལོ་སྨད་དུ་རྒྱལ་ཁབ་ཀྱི“གསར་པ་གཉིས”དང“གལ་ཆེན་གཉིས”ཀྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག བོད་ལ་སྒོར་དུང་ཕྱུར་5ཟིན་པའི་དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་མ་དངུལ་གྱི་རྒྱབ་སྐྱོར་ཐོབ་ཡོད་པ་རེད། མ་དངུལ་འདི་གཙོ་བོ་བེད་མེད་རླངས་འཁོར་གསར་བརྗེས་དང་། འཛད་སྤྱོད་པ་སྒེར་གྱི་རླངས་འཁོར་གསར་བརྗེས། ཁྱིམ་སྤྱོད་གློག་ཆས་ཐོན་རྫས་དང་གློག་སྒུལ་སྦག་སྦག་རྙིང་པ་གསར་བརྗེས་སོགས་ཀྱི་ཁྱབ་ཁོངས་སུ་སྤྱད་ཡོད།
རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་ཐིང་ཀྲང་གཞོན་པ་ཧྲེ་ཁྲེང་ཧྭ་ཡིས། 2024ལོའི་ཟླ་9པར་རང་སྐྱོང་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་5ལྷག་ཙམ་བཏང་ནས་སྒྲིག་ཆས་གསར་བརྗེས་དང་འཛད་རྫས་གསར་རྙིང་བརྗེ་བར་རྒྱབ་སྐྱོར་བྱས་པའི་ནང་རླངས་འཁོར་དང་། ཁྱིམ་སྤྱོད་གློག་ཆས། སྒུལ་ཤུགས་གློག་རྫས། ས་མཐོའི་ཐབ་ཆས་སོགས་ཚུད་ཡོད། ཟླ་10པའི་ཟླ་མཇུག་བར་རིམ་རྩིས་བརྒྱབ་ན། མ་དངུལ་སྒོར་དུང་ཕྱུར་4.3བཏང་ནས་འཛད་སྤྱོད་སྒོར་དུང་ཕྱུར་35.52འཕར་རྒྱུར་ཐད་ཀར་སྐུལ་ཁྲིད་བྱས་ཡོད་ཅེས་བརྗོད་པ་རེད།
ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚ་རགས་ཤང་ས་སྨད་གྲོང་ཚོར་ཁྱོན་མ་དངུལ་སྒོར་དུང་ཕྱུར་6.2བཏང་བའི་བོད་ལྗོངས་ཧྭ་གློག་ལྷ་ས་ཆུ་ཤུར་ཚ་རགས་ཀྱི་100MWཟིན་པའི་འོད་ཤུགས་གློག་གཏོང་རྣམ་གྲངས་སྐྲུན་བཞིན་ཡོད་པ་རེད། རྣམ་གྲངས་དེས་ཡུལ་དེའི་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་2811ཡོང་བར་ཐད་ཀར་སྐུལ་ཁྲིད་ཐུབ་པ་དང་། ཐོན་སྐྱེད་བྱེད་འགོ་ཚུགས་རྗེས། སྔོན་དཔག་ལྟར་ན། ལོ་ལྟར་ཁྲལ་འཇལ་ཚད་སྒོར་ཁྲི་763.67ཟིན་རྒྱུ་རེད། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ལིའུ་པོ་ཡིས། “རྣམ་གྲངས་དེ་ནི་བོད་རང་སྐྱོང་ལྗོངས་ཀྱི་གཙོ་གནད་རྣམ་གྲངས་ཀྱི་གྲས་ཤིག་ཡིན་ལ། རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་ཆོག་མཆན་སྤྲད་པའི་འོད་ཤུགས་གློག་ཁང་གི་རྣམ་གྲངས་གཙོ་བོའི་གྲས་ཤིག་ཀྱང་རེད”ཅེས་བཤད་པ་རེད།