ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་ཁུར་བའི་དབྱི་རག་གི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་བའི་རྣམ་གྲངས་ཀྱི་ཕུག་ལམ་དང་པོ་ཤར་གཏོང་ཐུབ་པ།
ཉེ་ཆར། སི་ཁྲོན་ལྕགས་ལམ་རྒྱལ་སྤྱིའི་དཔལ་འབྱོར་ལག་རྩལ་མཉམ་ལས་ཚད་ཡོད་ཀུང་སིས(སི་ཁྲོན་ལྕགས་ལམ་རྒྱལ་སྤྱི)སྐྲུན་འགན་ཁུར་བའི་དབྱི་རག་གི་རྒྱལ་ས་པ་ཀ་ཏའི་ཉི་སུར་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་བའི་རྣམ་གྲངས་ཀྱི་ཕུག་ལམ་དང་པོ་བདེ་བླག་ངང་ཤར་གཏོང་ཐུབ་པ་དེ་ཐོག་ནས་དབྱི་རག་གི་ཐག་རིང་ཤོས་དང་ས་གཤིས་གྲུབ་ཆ་རྙོག་འཛིང་ཆེ་ཤོས་ཀྱི་ཕུག་ལམ་དངོས་སུ་སྤྱོད་འགོ་ཚུགས་པ་མཚོན་ཡོད།
2022ལོར་དབྱི་རག་གིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་འཆར་གཞི་རབ་དང་རིམ་པ་བཏོན་ནས་ཉི་སུར་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་བའི་རྣམ་གྲངས་ནི་ཐོག་མའི་འཆར་གཞིའི་ནང་རྙོག་འཛིང་ཆེ་ཤོས་ཀྱི་རྣམ་གྲངས་ཤིག་ཡིན་པ་དང་། དེའི་ནང་ཟམ་པ་2དང་ཕུག་ལམ་5དང་དེ་བཞིན་རྣམ་གྲངས་མཐའ་འཁོར་གྱི་འགྲོ་ལམ་འཛུགས་སྐྲུན་དང་ས་ཁོངས་ནང་གི་སྤྱི་པའི་སྒྲིག་བཀོད་སྣ་ཚོགས་དང་། ས་འོག་མདོང་ལམ། གློག་སྐུད་སོགས་ཀྱི་སྒྱུར་བཀོད་ཚུད་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེ་པ་ཀ་ཏའི་ལྟེ་བའི་ཁུལ་དུ་གནས་པ་དང་དེ་གནས་སའི་ས་ཁོངས་སུ་ལོ་རེར་འགྲོ་སྐྱོད་བྱེད་མཁན་མི་ཐེངས་དུང་ཕྱུར་1.3ལས་བརྒལ་གྱི་ཡོད། ད་བར་རྣམ་གྲངས་དེའི་ཉི་སུར་གྱི་ཟམ་ཆེན་དང་ཕུག་ལམ་དང་པོ་ཤར་གཏོང་ཐུབ་ཡོད་པ་དང་། སྔོན་དཔག་བྱས་ན་2025ལོའི་ཟླ་4པར་ཚང་མ་ལེགས་གྲུབ་ཐུབ་རྒྱུ་རེད།