དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “མཁའ་ལམ”གྱི་ངོ་མཚར་གསར་པ་མུ་མཐུད་རྩོམ་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ།   |     སྤེལ་དུས།  2025-01-01

    མཚོ་བོད་ས་མཐོ་དང་འཛམ་གླིང་གི་ཡང་རྩེ་ནི་སྔོན་ཆད“ཐང་དཀར་རྒོད་པོ་ཁོ་ན་འཕུར་ཐུབ་པའི་གནས”ཤིག་རེད།

    མི་རིགས་མཐུན་སྒྲིལ་གྱི་ལམ་བུ་དེས་མི་རིགས་ཁག་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་བ།

    ཉི་འོད་གྲོང་ཁྱེར་ལྷ་ས་སྐྱིད་ཆུའི་ངོགས་སུ་ཁྲོན་བོད་དང་མཚོ་བོད་གཞུང་ལམ་གྱི་དྲན་གསོའི་རྡོ་རིང་འགྱིང་ངེར་གནས།

    འཛམ་གླིང་གི་ཡང་རྩེ་ནི་ལམ་ཐག་རིང་པོ་ཞིག་གཏན་ནས་མིན། 1950ལོ་ནས་བཟུང་། རྒྱ་རིགས་དང་། བོད་རིགས། ཧུད་རིགས་སོགས་མི་རིགས་མང་པོའི་ལམ་བཟོའི་དམག་དམངས་ཁྲི་10ལྷག་ཙམ་གྱིས་དཀའ་བ་དུ་མ་སྤྱད་པ་དང་ཐ་ན་སྲོག་ཉེན་ལ་མི་འཛེམ་པར་ལོ་4ལྷག་ཙམ་བརྒྱུད་སྤྱིའི་རིང་ཚད་ལ་སྤྱི་ལེ་4360ཡོད་པའི་ཁྲོན་བོད་དང་མཚོ་བོད་གཞུང་ལམ་བསྐྲུན་ཡོད། “ལམ་གཉིས”འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་ལོ་རྒྱུས་ནི་མི་རིགས་ཁག་གིས་མཐུན་སྒྲིལ་འབད་འཐབ་བྱས་པའི་ལོ་རྒྱུས་ཤིག་རེད།

    “དུས་རབས་20པའི་ལོ་རབས་ལྔ་བཅུ་དྲུག་ཅུར། ང་དང་རྒྱ་རིགས་ལས་རོགས་ཚོ་མཉམ་ཟ་མཉམ་སྡོད་དང་། མཉམ་དུ་ངལ་རྩོལ་བཅས་བྱས་པ་ཡིན”ཞེས་དབང་ཆེན་གྱིས་ཕྱིར་དྲན་བྱས། ཁོང་གིས“ཚང་མས་ཉིན་མོ་མཉམ་དུ་ལམ་སྲུང་བ་དང་དགོང་མོ་རྒྱ་རིགས་བློ་མཐུན་ཚོས་ང་ལ་རྒྱ་ཡིག་དང་སྤྱི་སྐད་སློབ་ཀྱི་ཡོད”ཅེས་བཤད། ལོ་བཅུ་ཕྲག་ཁ་ཤས་རིང་། ཁོང་གིས་བོད་བྱང་ཐང་དང“མཁའ་ལམ”བརྟན་སྲུང་བྱས་པ་དང་1996ལོར་རྒན་ཡོལ་ཞུས།

    “གཞུང་ལམ་འདིས་ངའི་ལས་དབང་ལ་འགྱུར་ལྡོག་བྱུང་སོང”ཞེས་དབང་ཆེན་གྱིས་བརྗོད་པ་དང་། ཁོང་གིས“མི་རབས་ནས་མི་རབས་བར་བྲན་གཡོག་བྱས་པ་ནས་ད་ལྟའི་ཚེ་མཇུག་བདེ་ལ་རོལ་བའི་བར། ལམ་འདིས་རང་ཉིད་ཀྱིས་མི་རིགས་མཐུན་སྒྲིལ་དང་རྒྱ་བོད་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ནི་ཅི་ཞིག་ཡིན་པ་གསལ་པོ་ཚོར་བྱུང”ཞེས་བརྗོད།

    དཔལ་འབྱོར་དང་མི་ཆོས་རིག་གནས་འགྲོ་འོང་བྱེད་པའི་འགག་རྩའི་ལམ་ཞིག་ཡིན་པའི་ཁྲོན་བོད་གཞུང་ལམ་དང་ཁྲོན་བོད་ཇ་རྟའི་གནའ་ལམ་གཉིས་ཀྱི་འགྲོ་ཕྱོགས་གཅིག་མཚུངས་ཡིན།

    ཉེ་བའི་ལོ་ཤས་རིང་། སྲིད་གཞུང་སྡེ་ཚན་གྱིས“ལམ་གཉིས”ཀྱི་སྤུས་ཚད་ལེགས་གཏོང་དང་སྒྱུར་བཀོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་བསྟུན་ནས། ལམ་ཟམ་དང་ཕུག་ལམ་སོགས་གཅིག་རྗེས་གཉིས་མཐུད་ངང་བསྐྲུན་པས“ལམ་གཉིས”འགྲོ་སྐྱོད་སྔར་བས་སྟབས་བདེ་རུ་ཕྱིན་ཡོད་པ་རེད།

    ཁྲོན་བོད་གཞུང་ལམ་གྱི་འགོ་འཛུགས་ས་ཡིན་པའི་སི་ཁྲོན་གཡག་རྔ་ནས་ཇ་མང་པོ་ཐོན་གྱི་ཡོད། སི་ཁྲོན་ཞིང་ཆེན་གཡག་རྔ་ཇ་ལོ་བཟོ་གྲྭའི་སྤྱི་ཁྱབ་ཅིང་ལི་གཞོན་པ་དབྱང་ཁྲུན་མེ་ཡིས“དུས་རབས་20པའི་ལོ་རབས་90པའི་དུས་འགོར། རླངས་འཁོར་གྱིས་གཡག་རྔ་ནས་ལྷ་ས་བར་ཇ་དབོར་བར་ཉུང་མཐར་ཡང་ཉིན་10འགོར་བ་དང་། ད་ཆ་ཉིན་གསུམ་བཞི་ཙམ་ལས་འགོར་གྱི་མེད”ཅེས་བཤད།

    “ལམ་གཉིས”ཤར་གཏོང་ཐུབ་པས་གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་མང་ཚོགས་མཉམ་འདྲེས་དང་མཉམ་འཛོམས་བྱུང་བ་རེད།

    ལྷ་ས་གྲོང་ཁྱེར་སྔགས་པ་ཁང་ཆུང་སྒོ་རར་སུན་ཅན་ཞུའེ་དང་བསོད་ནམས་པ་སྒྲོན་བཟའ་ཚང་སྒྲིག་ནས་ལོ་35ཡི་རིང་ཕན་ཚུན་གཅིག་ལ་གཅིག་བརྟེན་བྱས་ནས་འཚོ་བ་སྐྱེལ་གྱི་ཡོད་པས། ཉེ་རིང་གང་སར་སྐད་གྲགས་ཆོད་པའི“མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་ཁྱིམ་ཚང”ཞིག་རེད།

    ལོ་58ལ་སླེབས་པའི་སུན་ཅན་ཞུའེ་ཀན་སུའུ་ནས་ཡིན་པ་དང་ཁོང་གིས“ལམ་གཉིས”ལ་གཞན་དང་མི་འདྲ་བའི་བརྩེ་དུང་ཟབ་མོ་ཡོད། “ལོ་ན་ཆུང་དུས་ང་ནི་ཁྲོན་བོད་གཞུང་ལམ་སྤོ་བོ་བདག་སྐྱོང་དུམ་བུའི་བཟོ་པ་ཞིག་ཡིན། ལོ་25ཙམ་གཞུང་ལམ་བདག་སྐྱོང་ལས་ལ་གཞོལ་བ་ཡིན། སྐབས་དེ་དུས་ས་གནས་དེ་གའི་བོད་རིགས་བུ་མོ་བསོད་ནམས་པ་སྒྲོན་དང་ངོ་ཤེས་ནས་ཕྱིས་སུ་གཉེན་སྒྲིག་བྱས་པ་ཡིན”ཞེས་བཤད།

    ཤེས་དཔལ་ཡར་ཐོན་གྱི་ལམ་བུ་དེས་གངས་ལྗོངས་ས་མཐོ་དེང་རབས་ཀྱི་འཚོ་བ་དང་གང་མགྱོགས་མཉམ་འདྲེས་ཐུབ་པ།

    “ཆུང་དུས་མཚོ་བོད་གཞུང་ལམ་ནི་ས་ལམ་ཞིག་ཡིན་པས། ལོ་འཁོར་མོར་གང་སར་ཐལ་རྡུལ་གྱིས་ཁེངས་བཞིན་ཡོད། ད་ཆ་མཚོ་བོད་གཞུང་ལམ་སྒྱུར་བཀོད་དང་རིམ་སྤོར་བྱས་རྗེས་རླངས་འཁོར་ཨ་མདོ་རྫོང་ནས་ལྷ་ས་བར་གྱི་མྱུར་བགྲོད་གཞུང་ལམ་ཐོག་སྐྱོད་སྐབས་སྔོན་མའི་ཉིན་གཉིས་ནས་ཆུ་ཚོད་དྲུག་ལྷག་ཙམ་བར་ཐུང་དུ་ཕྱིན་ཡོད”ཅེས་ལོ་63ལ་སླེབས་པའི་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་གི་རྒན་ཡོལ་ཞུས་པའི་བཟོ་པ་སངས་རྒྱས་ཀྱིས་བརྗོད།

    གཞུང་ལམ་དེས་ས་མཐོའི་མང་ཚོགས་སྨན་པ་བསྟེན་པ་དང་སློབ་གྲྭར་འགྲོ་བར་སྟབས་བདེ་བསྐྲུན་ཡོད།

    “སྔོན་ཆད་འགྲིམ་འགྲུལ་སྟབས་མི་བདེ་བས་གྲོང་ཚོ་ཚང་མར་ནད་གཞི་གློ་བུར་དུ་ཕོག་ནས་སྐྱོབ་བཅོས་དུས་ཐོག་ཏུ་མ་བྱུང་བའི་དབང་གིས་ཚེ་ལས་འདས་མཁན་ཡོད། ད་ཆ་གནས་ཚུལ་དེ་འདྲ་སྤྱིར་ན་མེད”ཅེས་སངས་རྒྱས་ཀྱིས་བརྗོད།

    “ད་ཆ་འགྲིམ་འགྲུལ་ཇེ་ལེགས་ནས་ཇེ་ལེགས་སུ་སོང་བས། ཕྲུ་གུ་སློབ་གྲྭར་འགྲོ་བར་དེ་བས་སྟབས་བདེ་དང་དེ་བས་བདེ་འཇགས་ལྡན”ཞེས་ནག་ཆུ་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་ཅུས་ཀྲང་ནོར་བུ་རིན་ཆེན་གྱིས་བརྗོད།

    གཞུང་ལམ་དེར་བརྟེན་ནས་ས་མཐོའི་མང་ཚོགས་ཀྱི་འཚོ་བ་སྔར་བས་ཡག་ཏུ་ཕྱིན་ཡོད།

    ལོ་61ལ་སླེབས་པའི་འཇོ་མདའ་རྫོང་སྐམ་ཐོག་གྲོང་རྡལ་རྔད་ལ་གྲོང་ཚོའི་ཏང་ཀྲི་པུའི་དེ་སྔའི་ཧྲུའུ་ཅི་ཚེ་ཤར་གྱིས“ལམ་བཟོས་རྗེས། ཚང་མས་རླངས་འཁོར་ཉོས་ནས་ལས་གྲྭ་གཉེར་བ་དང་སྐྱེལ་འདྲེན་ལས་ལ་གཞོལ་བ་མ་ཟད། ཞིང་ལས་ཐོན་རྫས་ཀྱང་ཕྱིར་དབོར་ཐུབ་པས་ང་ཚོའི་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་འགྲོ་བཞིན་ཡོད”ཅེས་བརྗོད།

    དབུལ་པོ་དབུལ་རྐྱང་ལས་བསྒྲལ་རྗེས། ད་ལྟ“ལམ་གཉིས”རྫོང་དང་ཤང་གི་གཞུང་ལམ་དེ་བས་མང་བ་དང་སྦྲེལ་མཐུད་ཐུབ་ནས་ས་མཐོའི་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བཞིན་ཡོད།

    ཁྲོན་བོད་གཞུང་ལམ་རྒྱུད་ཀྱི་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ནས་ཐོན་འབོར་ཆེ་བའི་ར་མོ་ཤག་ཆེན་དང་། ཀོ་ཤ བོད་ཕག་སོགས་རང་ཡུལ་གྱི་ཐོན་རྫས་རྒྱུན་ཆད་མེད་པར་ཕྱི་ཕྱོགས་སུ་དབོར་བཞིན་ཡོད། 2023ལོར་སྤོ་བོ་རྫོང་གི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་26935ཟིན་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།