དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ལོ་གསར་ལ་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།

    ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་ཙུང་ལིས་ལོ་གསར་ལ་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-01-01

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་31ཉིན་གློག་འཕྲིན་འབྱོར་གསལ། 2024ལོའི་ཟླ་12ཚེས་31ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ལོ་གསར་གྱི་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ་རེད།

    ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་ཙུང་ཐུང་ཕུའུ་ཅིང་དང་ཨུ་རུ་སུའི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་རྟེན་འབྲེལ་དང་སྨོན་འདུན་བཟང་པོ་ཞུས་པ་རེད། ཞི་ཅིན་ཕིང་གིས་གསུངས་དོན། 2024ལོ་ནི་ཀྲུང་གོ་དང་ཨུ་རུ་སུའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བའི་ལོ་ཞིག་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ལམ་ཚད་རྡོ་རིང་གལ་ཆེན་གསར་པ་ཞིག་རེད།

    དུས་རབས་ཀྱི་བཞི་ཆ་གསུམ་གྱི་ཆར་རླུང་བརྒྱུད། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་དེ་བས་གནད་སྨིན་འཐུས་ཚང་དང་བརྟན་དུ་ཕྱིན་ཡོད། ལོ་བརྒྱར་འགྱུར་ལྡོག་མགྱོགས་མྱུར་འགྲོ་བ་དང་ལྷིང་འཇགས་མེད་པའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ། ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་མནའ་འབྲེལ་དུ་མི་ཞུགས་པ་དང་། འགྲན་རྒོལ་དུ་མི་ལངས་པ། ཕྱོགས་གསུམ་པར་མི་དམིགས་པ་བཅས་ཀྱི་ཡང་དག་འགྲོ་ལམ་ཐོག་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་བཞིན་ཡོད། འདས་ཟིན་པའི་ལོ་གཅིག་ནང་ང་ཚོས་པེ་ཅིང་དང་། ཨ་སི་ཐ་ན། ཁ་ཧྲན་བཅས་སུ་ཐུག་འཕྲད་ཐེངས་གསུམ་བྱས་ནས། ཁ་པར་དང་འཕྲིན་ཡིག་སོགས་ཀྱི་བྱ་ཐབས་སྣ་ཚོགས་བརྒྱུད་འབྲེལ་གཏུག་རྒྱུན་འཁྱོངས་བྱས་པ་དང་། ཕྱོགས་གཉིས་པོའི་འབྲེལ་བ་དང་ཐུན་མོང་ཐོག་སེམས་ཁུར་བྱེད་པའི་རྒྱལ་སྤྱིའི་ས་ཁུལ་གྱི་གནད་དོན་གལ་ཆེན་ལ་གཞིགས་ཏེ། ལྷག་བསམ་ཟོལ་མེད་ངང་སྤེལ་རེས་བྱས་པར་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་བྱུང་ཡོད། ང་ཚོའི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག ཀྲུང་གོ་དང་ཨུ་རུ་སུའི་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་འཐབ་ཇུས་རོགས་ལས་རྒྱུན་ཆད་མེད་པར་ཆུ་ཚད་དེ་བས་མཐོ་པོར་སླེབས་ནས། རྒྱལ་ཁབ་གཉིས་པོའི་ཤར་རྒྱུད་ཀྱི་རང་བྱུང་སོལ་རླངས་སྦུབས་ལམ་ཕྱོགས་ཡོངས་ནས་སྦྲེལ་མཐུད་ཐུབ་པ་དང་། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་མཐོང་ཐུབ་པའི་གྲུབ་འབྲས་དེ་བས་མང་པོ་འདུས་ཡོད། ཀྲུང་གོ་དང་ཨུ་རུ་སུའི་རིག་གནས་ལོ་བདེ་བླག་ངང་འགོ་ཚུགས་ནས། རྒྱལ་ཁབ་གཉིས་པོའི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་ཀྱི་དམངས་སེམས་ཀྱི་འབྲེལ་ཐག་སྔར་བས་དམ་དུ་ཕྱིན་ཡོད། ཕར་ཕྱོགས་ཀྱིས་འབོ་གསེར་ལམ་སྲོལ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་བའི་ལས་དོན་ལ་ཕྱོགས་གཉིས་པོས་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་མཐུན་སྒྲིལ་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

    ཞི་ཅིན་ཕིང་གིས་གསུངས་དོན། འཆར་ལ་ཉེ་བའི་2025ལོ་ནི་ཀྲུང་གོའི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཞིག་རེད་ལ། འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བའི་ལོ་ཞིག་ཀྱང་རེད། རྒྱལ་སྤྱིའི་གནས་ཚུལ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས། འཛམ་གླིང་ཞི་བདེ་འཕེལ་རྒྱས་ཀྱི་བྱ་གཞག་ལ་སྐུལ་མ་བཏང་ཡོད། ཀྲུང་གོ་དང་ཨུ་རུ་སུའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལའང་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་རྒྱུན་ཆད་མེད་པར་ཐོབ་ངེས་ཡིན་པའི་ཡིད་ཆེས་ཡོད། ངས་སྐུ་ཞབས་ཙུང་ཐུང་དང་མུ་མཐུད་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་དང་ཨུ་རུ་སུའི་མཉམ་ལས་ཀྱི་ཁ་ཕྱོགས་ཆེན་པོ་སྟངས་འཛིན་ནན་པོ་བྱེད་པ་དང་། ཡུན་རིང་ཁྱིམ་མཚེས་དབར་གྱི་མཛའ་མཐུན་དང་། ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས། གཉིས་ཕན་མཉམ་ལས་གཉིས་ཁེ་བཅས་ཀྱི་དུས་རབས་གསར་པའི་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་རྒྱུན་མཐུད་བརྟན་དུ་དང་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་དར་རྒྱས་དང་དེང་རབས་ཅན་འཛུགས་སྐྲུན་ལ་སྒུལ་ཤུགས་ཆེན་པོ་སྣོན་པ་དང་། ཀྲུང་གོ་དང་ཨུ་རུ་སུའི་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བ་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་གལ་ཆེན་གསར་པ་འབུལ་འདོད་ཡོད།

    ཙུང་ཐུང་ཕུའུ་ཅིང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྙིང་ཐག་པ་ནས་ལོ་གསར་དང་དཔྱིད་གསར་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ་མ་ཟད། ཀྲུང་གོ་མི་དམངས་བདེ་སྐྱིད་ཁམས་བཟང་ཡོང་བའི་སྨོན་འདུན་ཡང་ཞུས་པ་རེད། ཕུའུ་ཅིང་གིས་གསུངས་དོན། འདས་ལ་ཉེ་བའི་ལོ་གཅིག་ནང་། ཨུ་རུ་སུ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བ་དང་། ཨུ་རུ་སུ་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བར་ཐུན་མོང་ཐོག་རྟེན་འབྲེལ་གཟབ་རྒྱས་ཞུས་ཡོད། ང་ཚོས་གྲུབ་འབྲས་ལྡན་པའི་ཐུག་འཕྲད་ཐེངས་གསུམ་བྱས་ཏེ། ཨུ་རུ་སུ་དང་ཀྲུང་གོའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་ཐོབ་པར་སྣེ་ཁྲིད་བྱས་ཡོད། ཕྱོགས་གཉིས་པོས་དཔལ་འབྱོར་ཚོང་དོན་དང་། ནུས་རྒྱུ། འགྲིམ་འགྲུལ། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད། ཨུ་རུ་སུ་དང་ཀྲུང་གོའི་རིག་གནས་ལོ་བདེ་བླག་ངང་འགོ་ཚུགས་པ་དེས་རྒྱལ་ཁབ་གཉིས་པོའི་མི་ཆོས་རིག་གནས་སྤེལ་རེས་བྱེད་རྒྱ་ཆེ་རུ་གཏོང་བར་གོ་སྐབས་གསར་པ་དེ་བས་མང་བ་བསྐྲུན་ཡོད། ལོ་གསར་པར་རྒྱང་ལྟ་བྱེད་བཞིན་ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྷན་དུ་མུ་མཐུད་ལས་ཀའི་འབྲེལ་བ་དམ་ཟབ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་གཉིས་པོའི་འབྲེལ་བ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ། མཉམ་འབྲེལ་རྒྱལ་ཚོགས་དང་། འབོ་གསེར་རྒྱལ་ཁབ། ཧྲང་ཧའེ་མཉམ་ལས་རྩ་འཛུགས། རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་ཀྱི་ཕྱོགས་མང་ལས་སྟེགས་སུ་རྒྱལ་ཁབ་གཉིས་པོའི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་དེ་བས་ཆེ་བ་རྒྱག་འདོད་ཡོད། འདི་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཁེ་ཕན་དང་ཡོངས་སུ་མཐུན་པ་མ་ཟད། རྒྱལ་སྤྱི་དང་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བྱེད་པར་ཡང་ཕན་པ་ཡོད།

    དེ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་དང་ཨུ་རུ་སུའི་ཙུང་ལི་སྨི་ཧྲུའུ་སི་ཅིན་གཉིས་དབར་ལོ་གསར་གྱི་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ་རེད། ལི་ཆང་གིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིང་རྣམ་གཉིས་ཀྱི་སྤྱིའི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག ཀྲུང་གོ་དང་ཨུ་རུ་སུ་ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བ་གོ་སྐབས་སུ་བཟུང་སྟེ། ཕྱོགས་གཉིས་པོའི་འབྲེལ་བ་རྒྱུན་མཐུད་སྐྱོན་བྲལ་དང་འཕེལ་རྒྱས་བརྟན་པོ་འགྲོ་བར་སྐུལ་འདེད་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་རྩ་བའི་བརྩི་སྲུང་ཞུ་ཡུལ་དུ་བརྩིས་ནས། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད། སྨི་ཧྲུའུ་སི་ཅིན་གྱིས་གསུངས་དོན། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཚད་མཐོའི་ཕན་ཚུན་ཡིད་ཆེས་བྱེད་པའི་དགེ་མཚན་ལྡན་པའི་སྤེལ་རེས་བྱེད་འདོད་ཡོད། ཕྱོགས་གཉིས་པོའི་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་གྱིས་ཕྱོགས་གཉིས་པོའི་མཉམ་ལས་དེ་བས་མཐོ་བའི་ཆུ་ཚད་དུ་སླེབས་པར་སྐུལ་འདེད་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།