ལོ་གསར་གྱི་ཁྲང་ཞིའི་དགོང་ཚོགས་པེ་ཅིང་དུ་འཚོགས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། 2025ལོའི་ལོ་གསར་གྱི་ཁྲང་ཞིའི་དགོང་ཚོགས་རྒྱལ་ཁབ་ཟློས་གར་ཁང་ཆེན་མོར་འཚོགས་པ་རེད། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་ཀྱིས་རྒྱལ་སའི་ལས་རིགས་ཁག་གི་མང་ཚོགས་དང་མཉམ་དུ་འཁྲབ་སྟོན་ལ་གཟིགས་ནས་ལོ་གསར་པ་བསུས་པ་རེད།
ཆུ་ཚོད་19དང་སྐར་མ་45ཙམ་ལ། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་སོགས་དགོང་ཚོགས་འཚོག་སར་ཕེབས་ནས་འཁྲབ་སྟོན་ལྟ་བར་ཡོང་བའི་ཁྲང་ཞིའི་ལས་རིགས་ཀྱི་སྒྱུ་རྩལ་མཁས་ཅན་གྱི་འཐུས་མིར་བྱམས་བརྩེའི་ཕྱག་བཏང་བ་དང་ཕན་ཚུན་འཚམས་འདྲི་གནང་བ་ལས། ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་རེད།
སྤྲོ་སྣང་དོད་པའི་རོལ་ཆ་དཀྲོལ་གཏོང《མེ་ཏོག་སྣ་བརྒྱས་ལོ་གསར་བསུ》ཞེས་པ་གྲགས་པ་དང་སྦྲགས་དགོང་ཚོགས་ཀྱི་འགོ་ཚུགས། སེམས་ཤུགས་རབ་འཕེལ་གྱི་ཁྲང་ཞི《སྟོན་དཔྱིད་ཀྱི་བྲག་ཆ》ཞེས་པས་དགོང་ཚོགས་ཀྱི་མཐོ་རླབས་འཕྱུར་ཞིང་། དེ་ལས་རྒྱ་ཆེའི་རིག་རྩལ་ལས་དོན་པས་ཞི་ཅིན་ཕིང་གི་རིག་གནས་དགོངས་པས་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི་རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་ལས་འགན་དོན་གཉེར་བྱེད་པའི་ནང་ཞུགས་པ་མཚོན་པར་བྱས་ཡོད། སྒྱུ་རྩལ་མཁས་ཅན་ཚོའི་ཕུལ་དུ་བྱུང་བའི་འཁྲབ་སྟོན་ལ་ཚོགས་ར་ཡོངས་ནས་དགའ་འབོད་དང་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་རེད།