མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་གྲུབ་འབྲས་སྤེལ་རེས་ཚོགས་འདུ་ཉིང་ཁྲིར་འཚོགས་པ།
ཉེ་ཆར། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཐེངས་གཉིས་པའི(གཤམ་དུ་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་ཞེས་བསྡུ་རྒྱུ)གྲུབ་འབྲས་སྤེལ་རེས་ཚོགས་འདུ་ཉིང་ཁྲི་གྲོང་ཁྱེར་དུ་འཚོགས་ཤིང་། ཀྲུང་གོ་ཚན་རིག་ཁང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་དང་། ལྗོངས་ཕྱི་ནང་གི་འབྲེལ་ཡོད་ཚན་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ། ས་གནས་ཁག་དང་གྲོང་ཁྱེར་ཁག་གི་ཚན་རྩལ་ཁོངས་གཏོགས་དང་ཉིང་ཁྲི་གྲོང་ཁྱེར(ཀྲུང་དབྱང་དང་ལྗོངས)ཐད་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱི་ལས་དོན་པ་སོགས་མི་100ལྷག་ཙམ་སྤེལ་རེས་ཚོགས་འདུར་ཞུགས་ཡོད་པ་རེད།
སྤེལ་རེས་ཚོགས་འདུའི་ཐོག ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་དང་ཀྲུང་གོ་ཚན་རིག་ཁང་ས་ཁམས་ཚན་རིག་དང་ཐོན་ཁུངས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཚུའེ་ཕེང་དང་། ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ལེང་ཨར་ཡོན། ཀྲུང་གོ་ཚན་རིག་ཁང་དང་ཆུ་བེད་པུའུ་ཁྲེང་ཏུའུ་རི་ཁུལ་གནོད་འཚེ་དང་ཁོར་ཡུག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཝང་ཞའོ་ཏན། བོད་ལྗོངས་ཞིང་འབྲོག་སློབ་གླིང་གི་ཞིབ་འཇུག་པ་ཕན་ཁྲའོ་ཧུའེ་བཅས་རིགས་གཅིག་མཁས་ཅན་བཞི་ཡིས་ཞིབ་འཇུག་གྲུབ་འབྲས་གལ་ཆེན་སྐོར་སྤེལ་རེས་མཉམ་སྤྱོད་དང་སྙན་ཞུ་སོ་སོར་གནང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་ལས་འགན་གལ་ཆེན་ཞིག་ཡིན་ལ་མཚོན་རྟགས་རང་བཞིན་གྱི་ཚན་རིག་ལས་གྲྭ་ཞིག་ཀྱང་རེད། ཚན་རིག་རྟོག་ཞིབ་བྱེད་འགོ་ཚུགས་ཚུན། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ཚན་རིག་རྟོག་ཞིབ་རུ་ཁག་400ལྷག་ཙམ་དང་ཚན་རིག་རྟོག་ཞིབ་པ་མི་ཐེངས་4000ལྷག་ཙམ་གྱིས་ནུབ་རླུང་དང་དུས་རླུང་གི་མཐུན་སྦྱོར་ནུས་པ་དང་དེའི་ཤུགས་རྐྱེན་དང་། ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་གི་འགུལ་རྣམ་འགྱུར་ལྡོག་དང་ཤུགས་རྐྱེན། སྐྱེ་ཁམས་མ་ལག་དང་སྐྱེ་ཁམས་བདེ་འཇགས་སོགས་ལས་འགན་ཆེན་པོ་10ལ་དམིགས་ནས་ཉིང་ཁྲི་གྲོང་ཁྱེར་དུ་ཚན་རིག་རྟོག་ཞིབ་བྱས་པར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་སྟེ། ཉིང་ཁྲི་གྲོང་ཁྱེར་གྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཚན་རྩལ་གྱི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད་པ་རེད།