དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ནུས་རྒྱུ་གཙང་མའི་ལས་གྲྭས་ཞིང་འབྲོག་མང་ཚོགས་དྲོ་སྐྱིད་ངང་དགུན་སྒྲོལ་ཐུབ་པར་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-31

    ཟླ་བཅུ་གཉིས་པའི་ཟླ་སྨད་དུ། ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་གྱི་དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་10℃མན་ཟིན་གྱི་ཡོད། སྔ་དྲོར། རླངས་འཁོར་ནང་འཁྱགས་པ་ཐེབས་པའི་གཏེར་ཆུ་འགྱིག་དམ་གང་མཐོང་བས་གསར་འགོད་པས་དགུན་ཁའི་གྲི་གུ་རྩྭ་ཐང་གི་གནམ་གཤིས་ཀྱི་གྲང་ངར་དངོས་འབྲེལ་ཚོར།

    ཡིན་ན་ཡང་གྲང་ངར་ཆེ་བའི་དགུན་ཁ་འདིར། པད་མ་དོན་གྲུབ་ཀྱི་སྡོད་ཁང་གསར་པའི་ནང་གི་དྲོད་ལེན་འཕྲུལ་ཆས་འཁོར་རྒྱུག་བྱེད་བཞིན་ཡོད་པས་དཔྱིད་ཀ་ལྟར་དྲོ་སོབ་སོབ་ཡོད། འདི་དག་ཚང་མ“ཨན་ཧུའེ་ཞིང་ཆེན་གྱིས་མཚོ་སྨད་གྲི་གུའི་ཞིང་འབྲོག་མང་ཚོགས་ལ་དྲོ་སྐྱིད་སྦྱིན་པ་དང་གློག་ཤུགས་སྒྱུར་བཀོད་རྣམ་གྲངས”ཀྱི་ཕན་འབྲས་རེད། གྲང་ངར་ཆེ་བའི་དགུན་ཁ་འདིར། གྲི་གུ་གྲོང་རྡལ་གྱི་གྲོང་ཚོ་ལྔའི་ཞིང་འབྲོག་མང་ཚོགས་ཚང་མས་དྲོད་ལེན་འཕྲུལ་ཆས་སྤྱོད་ཐུབ་ཡོད་པ་རེད།

    ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ལྷག་ཙམ་ཟིན་པའི་གྲི་གུ་གྲོང་རྡལ་ནི་ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གི་ས་བབ་མཐོ་ཤོས་ཀྱི་གྲོང་རྡལ་ཞིག་རེད། ལོ་རེའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་6℃དང་དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་26℃ཡིན། གྲི་གུ་རྩྭ་ཐང་དུ་མེ་ཐབ་གཏོང་བ་ནི་ཞིང་འབྲོག་མང་ཚོགས་ཀྱིས་རྒྱུན་དུ་སྤྱོད་པའི་དྲོད་ལེན་བྱ་ཐབས་ཤིག་རེད། ཡིན་ནའང་མེ་ཐབ་བཏང་ནས་དྲོད་བླངས་ཚེ་དྲོད་ཚད་ཚོད་འཛིན་དཀའ་བ་དང་། མེ་ཤི་སླ་བ། དྲོད་འདོན་ཁུལ་ཆུང་བ་སོགས་ཀྱི་གནད་དོན་མང་པོ་ཡོད།

    ཨན་ཧུའེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པས་ཞིང་འབྲོག་མང་ཚོགས་ཀྱི་བདེ་སྡུག་དུས་དང་རྣམ་པ་ཀུན་ཏུ་སེམས་ལ་བཅངས་ནས་ས་བབ་མཐོ་བའི་ས་ཁུལ་གྱི་ཞིང་འབྲོག་པའི་དྲོད་ལེན་གནད་དོན་ཐག་གཅོད་བྱ་རྒྱུ་དེ་དམངས་འཚོའི་འདུ་འགོད་གལ་ཆེན་དུ་བརྩིས་ནས་དམ་འཛིན་བྱས་པ་དང་། མཚོ་སྨད་རྫོང་ཨུད་དང་རྫོང་སྲིད་གཞུང་། མཚོ་སྨད་རྫོང་གི་བོད་སྐྱོར་ལས་དོན་ཚོགས་ཆུང་བཅས་ཀྱིས་དོན་དངོས་ལ་གཞི་ཚུགས་ནས་བརྟག་དཔྱད་ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་དང་། བསམ་འཆར་བསྡུ་ལེན་རྒྱ་ཁྱབ་བྱས་པ་བརྒྱུད། འདི་ལོར་ཨན་ཧུའེ་ཡི་བོད་སྐྱོར་མ་དངུལ་སྤྱད་ནས་གྲི་གུ་གྲོང་རྡལ་དུ“ཨན་ཧུའེ་ཞིང་ཆེན་གྱིས་མཚོ་སྨད་གྲི་གུའི་ཞིང་འབྲོག་མང་ཚོགས་ལ་དྲོ་སྐྱིད་སྦྱིན་པ་དང་གློག་ཤུགས་སྒྱུར་བཀོད་རྣམ་གྲངས”ལག་བསྟར་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད། མ་འཇོག་བསྡོམས་འབོར་སྒོར་ཁྲི་963.4ཟིན་པའི་རྣམ་གྲངས་དེས་ཞིང་འབྲོག་མང་ཚོགས་དང་དེ་བཞིན་ལས་ཁུངས་དང་ཚན་པ་ཁག་གི་དུད་ཚང་ཁྱོན་1300ལ་ཁྱབ་ཡོད། རྣམ་གྲངས་ཀྱི་ནང་དོན་ལ་དྲོད་གཏོང་ལས་གྲྭ་དང་དེ་བཞིན་ཁང་པའི་ནང་གི་གློག་ལམ་སྒྱུར་བཀོད་ཚུད་ཡོད་པ་རེད། ཀེ་ལི་རྟགས་ཅན་གྱི་ཚ་ཕུམ་ཚ་རླུང་འཕྲུལ་ཆས་སྤྱད་དེ་ཁྱིམ་ཚང་སོ་སོར་དྲོད་རླངས་མཁོ་འདོན་བྱས་པས། དྲོད་ཚད་ཀླད་ཀོར་འོག་གི་30℃ཟིན་ཡང་རྒྱུན་གཏན་ལྟར་དྲོད་མཁོ་འདོན་ཐུབ་ནས་ས་བབ་མཐོ་བའི་ས་ཁུལ་གྱི་མང་ཚོགས་ལ་དྲོད་མཁོ་འདོན་དཀའ་བའི་གནད་དོན་ཐག་གཅོད་ཐུབ་ཡོད། རྣམ་གྲངས་དེ་ཟླ་བཅུ་གཅིག་པ་ནས་དངོས་སུ་སྤེལ་འགོ་ཚུགས་ཤིང་འཆར་གཞི་ལྟར་ན་ཟླ་བཅུ་གཉིས་པའི་ཟླ་མཇུག་ཏུ་ལེགས་གྲུབ་བྱ་རྒྱུ་རེད།

    “སྲོལ་རྒྱུན་གྱི་ཐབ་ཕལ་ཆེ་བ་ཐབ་ཚང་དུ་ཡོད་པས་ཉལ་ཁང་དུ་དྲོད་མཁོ་འདོན་བྱེད་དཀའ། ང་ཚོའི་འདི་གར་དགོང་མོ་ཧ་ཅང་གྲང་མོ་ཡོད་པས་ཉལ་ཆས་ཉིས་བརྩེགས་སུམ་བརྩེགས་གྱོན་དགོས། ངའི་ཕྲུ་གུ་ཟླ་བ་གཅིག་ལོན་ཙམ་ཡིན་པས་མཚན་གུང་འོ་མ་སྟེར་བ་དང་ཆབ་གདན་བརྗེ་སྐབས་དངོས་འབྲེལ་གྲང་མོ་འདུག ད་ལྟ་ངའི་ཁྱིམ་དུ་དྲོད་ལེན་འཕྲུལ་ཆས་འདི་བསྒར་བས་དགོང་མོ་ཕྲུ་གུ་འཁྱགས་དོགས་ཀྱི་སེམས་ཁྲལ་མི་འདུག”ཅེས་པད་མ་དོན་གྲུབ་ཀྱིས་དགའ་སྤྲོའི་ངང་བཤད།

    དྲོ་སྐྱིད་སྦྱིན་པའི་རྣམ་གྲངས་ནི་དམངས་འཚོའི་རྣམ་གྲངས་ཁོ་ན་ཙམ་མིན་པར། ཏང་དང་སྲིད་གཞུང་གིས་མི་དམངས་མང་ཚོགས་དང་འབྲེལ་བ་བྱེད་པའི་འབྲེལ་ཟམ་དང་སྦྲེལ་ཐག་ལྟ་བུ་ཡང་ཡིན། མཚོ་སྨད་རྫོང་གིས“འཇུག་གཞི་ཆུང་ངུར”བརྟེན་ནས“དམངས་འཚོ་ཆེན་པོ”བསྒྲུབས་ཐོག་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་གནད་དེ་ཏང་ཨུད་དང་སྲིད་གཞུང་གིས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་སྙིང་ཉེའི་བྱ་བ་དང་དྲོ་སྐྱིད་ཀྱི་བྱ་བར་བརྩིས་ནས་དྲོ་སྐྱིད་སྦྱིན་པའི་རྣམ་གྲངས་ཀྱིས་ཞིང་འབྲོག་མང་ཚོགས་ཀྱི་སེམས་ལ“དྲོ་སྐྱིད”སྦྱིན་ཐུབ་པར་བྱས་པ་རེད།

    རྣམ་གྲངས་ཀྱི་འགན་འཁུར་བ་ཁྲེང་དབྱིན་ཧའོ་ཡིས་ངོ་སྤྲོད་བྱས་དོན། “རྣམ་གྲངས་སྤེལ་འགོ་ཚུགས་ཚུན། ང་ཚོས་སྤུས་ཚད་ཀྱི་འགག་སྒོ་ནན་པོ་སྲུང་བ་དང་། ཨར་ལས་མི་སྣ་ཚན་རིག་དང་མཐུན་པར་བཀོད་སྒྲིག ཨར་ལས་འཕེལ་རིམ་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། ཟླ་བཅུ་གཉིས་པའི་ཟླ་མཇུག་ཏུ་དུས་བཀག་ལྟར་ལེགས་གྲུབ་ཐུབ་པའི་འགན་ལེན་བྱས་ཏེ་གྲི་གུ་གྲོང་རྡལ་གྱི་ཞིང་འབྲོག་མང་ཚོགས་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་པར་བྱེད་ཀྱི་ཡིན”

    མིག་སྔར། གྲི་གུ་གྲོང་རྡལ་གྱི་སྒྲུབ་སྡེ་གྲོང་ཚོ་དང་། བྲག་རྩ་གྲོང་ཚོ། འཁར་འཕྲོད་གྲོང་ཚོ། ཅུང་མཚོ་གྲོང་ཚོ། གྲི་གུ་སྡེ་ཁུལ་བཅས་སུ་བརྒྱུད་རིམ་ལྡན་པའི་ངང་དྲོད་ལེན་འཕྲུལ་ཆས་སྒྲིག་སྦྱོར་བྱེད་བཞིན་ཡོད་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་ཐུགས་རྗེ་ཆེ་ཞུ་བའི་སྐད་ཆ་དང་བདེ་སྐྱིད་ལྡན་པའི་འཛུམ་ཞལ་རེ་རེ་ལས་ད་ལོའི་དགུན་ཁ་ཧ་ཅང་དྲོ་སྐྱིད་ལྡན་པར་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།