དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱིས་སྲིད་འཛིན་བསྐྱར་གྲོས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིམས་སྐྱོང་གི་འགན་སྲུང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-30

    ཟླ་དང་པོ་ནས་བཅུ་གཅིག་པའི་བར་རང་ལྗོངས་ཀྱིས་ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་བསྐྱར་གྲོས་ཀྱི་གྱོད་གཞི་96གསར་དུ་བསྡུས་ནས་ཁེ་ལས་ལ་དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི་1560ལྷག་ཙམ་མི་ཕོག་པར་བྱས་པ།

    འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་26ཉིན་གནས་ཚུལ་འབྱོར་གསལ། ཚེས་25ཉིན་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་བོད་རང་སྐྱོང་ལྗོངས་ཀྱིས་གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས》ལག་ལེན་བསྟར་ནས་ལོ་གཅིག་འཁོར་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ལོ་གཅིག་རིང་། རང་ལྗོངས་ཀྱི་སྲིད་འཛིན་བསྐྱར་གྲོས་ཀྱི་སྒྲིག་སྲོལ་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་། གྱོད་སྒྲུབ་ཀྱི་སྤུས་ཕན་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། རྨང་གཞིའི་འགན་སྲུང་ཉིན་རེ་བཞིན་བརྟན་དུ་ཕྱིན་པ། ཐབས་ལམ་གཙོ་བོའི་ནུས་པ་གང་ལེགས་ཐོན་པ། སྲིད་འཛིན་བསྐྱར་གྲོས་ཀྱིས་རང་སྐྱོང་ལྗོངས་ཀྱི“དོན་ཆེན་བཞི”དང“འཛུགས་གཏོད་བཞི”ལ་ཞབས་འདེགས་དང་འགན་སྲུང་ནུས་པ་སྔར་བས་ཆེ་རུ་ཕྱིན་པ་བཅས་བྱུང་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིམས་སྐྱོང་གི་འགན་སྲུང་བརྟན་པོ་བྱས་ཡོད་པ་རེད།

    གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས》2024ལོའི་ཟླ་1ཚེས་1ཉིན་ནས་དངོས་སུ་ལག་ལེན་བསྟར་ཚུན། རང་ལྗོངས་ཀྱི་སྲིད་འཛིན་བསྐྱར་གྲོས་ཀྱི་སྒྲིག་སྲོལ་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ཡོད། རང་སྐྱོང་ལྗོངས་རིམ་པ་དེ་ག་དང་། ཆབ་མདོ། ལྷོ་ཁ། ཉིང་ཁྲི་སོགས་ལྗོངས་དང་གྲོང་ཁྱེར་ལྔ་ཡིས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་སྲིད་འཛིན་བསྐྱར་གྲོས་གཞུང་ལས་ཁང་བཙུགས་པ་དང་། ས་ཁུལ་དང་གྲོང་ཁྱེར་7གྱི་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་ལ་སྲིད་འཛིན་བསྐྱར་གྲོས་དང་གཏུག་བཤེར་གདོང་ལེན་ཁོའོ་ཁེར་རྐྱང་དུ་བཙུགས་པ། རང་སྐྱོང་ལྗོངས་རིམ་པ་དེ་གའི་སྲིད་འཛིན་བསྐྱར་གྲོས་སྒྲིག་ཁོངས་5ནས་9བར་མང་དུ་བཏང་བ། སྲིད་འཛིན་བསྐྱར་གྲོས་ཨུ་ཡོན་ལྷན་ཁང་གི་རིགས་གཅིག་མཁས་ཅན་མཛོད་བཙུགས་པ། སྲིད་འཛིན་བསྐྱར་གྲོས་ཀྱི་དཀའ་སླ་ཁག་བགོས་དང་། འདུམ་འགྲིག བསམ་འཆར་ཉན་པ། གཟུ་ཉན་སོགས་ལེ་ལག་ཚང་བའི་ལམ་ལུགས་ཁག་10ལྷག་ཙམ་བཟོས་པ། གསར་དུ་བཟོ་བཅོས་བརྒྱབ་པའི་སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས་དང་མི་མཐུན་པའི་སྲིད་གཞུང་གི་སྒྲིག་སྲོལ་ཁག་12བཟོ་བཅོས་དང་ཁྱབ་བསྒྲགས་བཅས་བྱས་ཏེ། གསར་དུ་བཟོ་བཅོས་བརྒྱབ་པའི་སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས་ཕྱོགས་ཡོངས་དང་། གནད་ལ་འཁེལ་བ། ཕན་ནུས་ལྡན་པ་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བར་སྐུལ་འདེད་བཏང་བ་རེད།

    ལོ་གཅིག་རིང་། སྲིད་འཛིན་བསྐྱར་གྲོས་ཀྱི་རེ་ཞུའི་ཐབས་ལམ་སྔར་བས་ཐོགས་པ་མེད་པར་གྱུར་ཅིང་། རང་སྐྱོང་ལྗོངས་སྲིད་འཛིན་བསྐྱར་གྲོས་ཚོམས་ཆེན་དུ་ཁེ་ལས་དང་། ཞིང་པ་ལས་མི། དབང་པོ་སྐྱོན་ཅན། དམག་ཞབས་ཐིམ་པའི་དམག་མི་སོགས་དམིགས་བསལ་ཚོགས་སྤྱིའི་ཐོགས་མེད་ལམ་བཟོས་པ་དང་། གྲོང་ཁྱེར་དང་རྫོང་གི་རིམ་གཉིས་སྲིད་འཛིན་བསྐྱར་གྲོས་ལས་ཁུངས་ཀྱིས་རིམ་པ་དེ་གའི་སྲིད་དོན་ཞབས་ཞུའི་ཚོམས་ཆེན་དང་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལྟེ་གནས་སོགས་དྲ་ཕྱིའི་ལས་སྟེགས་སུ་སྲིད་འཛིན་བསྐྱར་གྲོས་ཀྱི་བློ་འདྲིའི་སྐར་ཁུང་བཙུགས་པ་དང་། ལྗོངས་ཡོངས་ཀྱི་སྲིད་འཛིན་བསྐྱར་གྲོས་ལས་ཁུངས་82ཀྱི་བློ་འདྲིའི་སྐར་ཁུང་གི་གནས་ས་དང་ཁ་པར་གཅིག་གྱུར་ཁྱབ་བསྒྲགས་བྱས་པ། སྒོར་ཁྲི་352བཏང་ནས་རང་སྐྱོང་ལྗོངས་སྲིད་འཛིན་བསྐྱར་གྲོས་དང་གཏུག་བཤེར་གདོང་ལེན་ལས་སྟེགས་བསྐྲུན་པ། “བོད་ཀྱི་སྲིད་འཛིན་བསྐྱར་གྲོས”ཀྱི་བྱ་རིམ་ཆུང་གྲས་ཞིབ་འཇུག་གསར་སྤེལ་བཅས་བྱས་ནས། སྲིད་འཛིན་བསྐྱར་གྲོས་ཀྱི་དྲ་ཐོག་དང་དྲ་ཕྱིའི་རེ་ཞུའི་ཐབས་ལམ་སྔར་བས་ཡངས་སུ་བཏང་བ་རེད།

    ལོ་གཅིག་རིང་། སྲིད་འཛིན་བསྐྱར་གྲོས་ཀྱི་གྱོད་སྒྲུབ་སྤུས་ཕན་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཞིང་།2024ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར་ལྗོངས་ཡོངས་ཀྱིས་སྲིད་འཛིན་བསྐྱར་གྲོས་ཀྱི་གྱོད་གཞི་708གསར་དུ་བསྡུས་པ་དང་། གྱོད་གཞི་537བདག་སྤྲོད་བྱས་པ། གྱོད་གཞི་502ཞིབ་གཅོད་མཇུག་སྒྲིལ་བ། བསྒྱུར་བཅོས་དང་། ཕྱིར་འཐེན། ཁྲིམས་འགལ་ངོས་བཟུང་། ལག་བསྟར་གྱི་བཀའ་བཀོད་གཏོང་བ། རྩིས་མེད་ངོས་བཟུང་སོགས་ཀྱི་བྱ་ཐབས་ཐོག་ནས་གྱོད་གཞི་154ལ་ཐད་ཀར་ནོར་བཅོས་བྱས་ཏེ་ནོར་བཅོས་བྱེད་ཚད་30.7%ཟིན་པ་རེད། 2023ལོའི་ལོ་འཁོར་དུ་གསར་དུ་བསྡུས་པ་དང་བདག་སྤྲོད་བྱས་པའི་སྲིད་འཛིན་བསྐྱར་གྲོས་ཀྱི་གྱོད་གཞི་དང་བསྡུར་ན། གྱོད་གཞི་435དང་317སོ་སོར་མང་དུ་ཕྱིན་ནས་159.3%དང་144.1%སོ་སོར་འཕར་ཞིང་། སྲིད་འཛིན་བསྐྱར་གྲོས་ཀྱིས་ཁྲིམས་ལྟར་སྲིད་འཛིན་ལ་ལྟ་སྐུལ་བྱེད་པའི་ནུས་ཕྱོད་དང་སྲིད་འཛིན་རྩོད་གཞི་ཐག་གཅོད་བྱེད་པའི་ཐབས་ལམ་གཙོ་བོའི་ནུས་པ་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད་པ་རེད།

    གཞན་ཡང་། ཤེས་རྟོགས་བྱུང་བར་གཞིགས་ན། སྲིད་འཛིན་བསྐྱར་གྲོས་ཀྱིས་ཁེ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཡས་གཞོགས་གཡོན་འདེགས་བྱེད་པར་སྐུལ་འདེད་གཏོང་བའི་ཐད། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་ལྗོངས་འཕེལ་སྒྱུར་ཨུ་ལྷན་དང་། ལྗོངས་ཁྲོམ་ར་ལྟ་འདོམས་ཅུས། ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་བཅས་དང་མཉམ་དུ་ཟླ་8ཚེས་8ཉིན《བོད་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་བསྐྱར་གྲོས་ཀྱིས་ཁེ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཡས་གཞོགས་གཡོན་འདེགས་བྱེད་པའི་ཆེད་དོན་བྱ་སྤྱོད་ཀྱི་ལག་བསྟར་ཇུས་གཞི》བཀྲམ་ནས། ཆེད་དོན་བྱ་སྤྱོད་ཀྱི་སྤྱིའི་བླང་བྱ་དང་། དུས་ཚོད། ལས་འགན་དང་བྱ་ཐབས། རྩ་འཛུགས་ཀྱི་འགན་སྲུང་བཅས་ཕྱོགས་བཞིའི་ནང་དོན་ཁ་གསལ་བཟོས་ཡོད་པ་རེད། 2024ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར། ལྗོངས་ཡོངས་ཀྱིས་ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་བསྐྱར་གྲོས་ཀྱི་གྱོད་གཞི་96གསར་དུ་བསྡུས་པ་དང་། གྱོད་གཞི་85བདག་སྤྲོད་བྱས་པ། གྱོད་གཞི་72ཞིབ་གཅོད་མཇུག་སྒྲིལ་བ་བཅས་ཀྱི་ནང་། འདུམ་འགྲིག་གི་གྱོད་གཞི་18ཡོད་པ་དང་འདུམ་འགྲིག་བྱེད་ཚད་25%ཟིན་པ་དང་། བསྒྱུར་བཅོས་དང་། ཕྱིར་འཐེན། ཁྲིམས་འགལ་ངོས་བཟུང་། ལག་བསྟར་གྱི་བཀའ་བཀོད་གཏོང་བ་སོགས་ཀྱི་བྱ་ཐབས་ཐོག་ནས་གྱོད་གཞི་15ལ་ཐད་ཀར་ནོར་བཅོས་བྱས་ཏེ་ནོར་བཅོས་བྱེད་ཚད་20.8%ཟིན་ཞིང་། ཁེ་ལས་ལ་དཔལ་འབྱོར་གྱོང་གུན་སྒོར་ཁྲི་1560ལྷག་ཙམ་མི་ཕོག་པར་བྱས་ནས་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།