ཝང་ཅུན་ཀྲེང་གིས་ལྷ་ལྡན་གཙུག་ལག་ཁང་དང་ར་མོ་ཆེ་གཙུག་ལག་ཁང་དུ་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན།
ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ“འདུ་ཤེས་གསུམ”གྱི་སློབ་གསོ་རྒྱ་སྐྱེད་གཏིང་ཟབ་གཏོང་བ་དང་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་དགོས།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་ལྡན་གཙུག་ལག་ཁང་དང་ར་མོ་ཆེ་གཙུག་ལག་ཁང་དུ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་ར་མོ་ཆེ་གཙུག་ལག་ཁང་དུ་མེ་ཟོན་བདེ་འཇགས་དོན་འཁྱོལ་བྱས་ཚུལ་སྐོར་མཁྱེན་རྟོགས་གནང་བཞིན་པ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་ལྡན་གཙུག་ལག་ཁང་དང་ར་མོ་ཆེ་གཙུག་ལག་ཁང་དུ་བརྟག་ཞིབ་གནང་ཞིང་། ཁོང་གིས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ“འདུ་ཤེས་གསུམ”གྱི་སློབ་གསོ་རྒྱ་སྐྱེད་གཏིང་ཟབ་གཏོང་བ་དང་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་ཞེས་ནན་བཤད་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལིའུ་ཅང་དང་། བསོད་ནམས་ཉི་མ། ཀུང་ཧུའེ་ཚའེ། ཀྲང་ཧུང་པོ་བཅས་ཞུགས་ཡོད་པ་རེད།
ཝང་ཅུན་ཀྲེང་ལྷ་ལྡན་གཙུག་ལག་ཁང་གི་རྟེན་གཙོའི་ལྷ་ཁང་དང་སྤ་སེ་འཚོང་ས་སོགས་སུ་ཕེབས་ནས་ཞི་མཐུན་དགོན་སྡེ་འཛུགས་སྐྲུན་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་ཞབས་ཞུ་དོ་དམ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ནན་ཏན་གནང་བ་དང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བའི་ལས་དོན་ཐད་ཀྱི་བསམ་འཆར་དང་གྲོས་འགོ་གསན་ཞིང་། ཁོང་གིས་ཁྲིམས་ལྟར་ཆོས་ལུགས་ལས་དོན་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ཆོས་ལུགས་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་དགོས་མཁོ་རེད་ལ། ཆོས་ཕྱོགས་ལས་རིགས་རང་ངོས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཀྱང་རེད། རེ་བར་རྒྱ་ཆེའི་དགེ་འདུན་པ་རྣམས་ཀྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་བྱས་ནས་དར་སྤེལ་གཏོང་བ་དང་། དད་སྦྱོར་ཡང་དག་དར་སྤེལ་གཏོང་བ། ཡིན་མིན་ཆེན་པོའི་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱེད་པ། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་བ། དད་ལྡན་མང་ཚོགས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ནང་ཞུགས་པར་ཁྲིད་སྟོན་བཅས་བྱས་ཏེ་བསྟན་དོན་ལམ་ལྷོངས་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་གསུངས་པ་རེད། “དགུན་དུས་བོད་དུ་ཡུལ་སྐོར་བྱེད”ཅེས་པས་ཡུལ་སྐོར་བ་མང་པོ་ཞིག་ལྟ་སྐོར་དང་ཡུལ་སྐོར་དུ་ཡོང་བའི་ཡིད་དབང་བཀུག་པ་དང་། ཝང་ཅུན་ཀྲེང་གིས་ཡུལ་སྐོར་བ་དང་བྱམས་བརྩེའི་གླེང་མོལ་གནང་བ་མ་ཟད། ཁོང་ཚོ་དགའ་སྤྲོའི་ངང་ཡོང་བ་དང་བློ་ཡིད་ཚིམ་པོས་ལོག་ཐུབ་པའི་སྨོན་འདུན་ཞུས་པ་རེད།
ར་མོ་ཆེ་གཙུག་ལག་ཁང་དུ་ཕེབས་སྐབས། ཝང་ཅུན་ཀྲེང་གིས།“འདུ་ཤེས་གསུམ”གྱི་སློབ་གསོ་དང་། མེ་ཟོན་བདེ་འཇགས་བྱེད་ཐབས་དོན་འཁྱོལ་བྱས་ཚུལ། རིག་དངོས་སྲུང་སྐྱོང་སོགས་ཀྱི་ལས་དོན་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་གསུངས་དོན། དགོན་སྡེའི་རིག་དངོས་ནི་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་ལོ་རྒྱུས་ཀྱི་དཔང་པོ་གལ་ཆེན་ཞིག་རེད། རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་ལ་ཤུགས་སྣོན་བརྒྱབ་ནས། བོད་ནི་གནའ་སྔ་མོ་ནས་བཟུང་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། མི་རིགས་ཁག་དབར་ཡུན་རིང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་ལོ་རྒྱུས་ཀྱི་དོན་དངོས་སྔོག་འདོན་དང་། ལེགས་སྒྲིག དྲིལ་བསྒྲགས་བཅས་བྱས་ཏེ། རིག་དངོས་ཀྱི་དོན་གོ་ཆོད་དུ་འཇུག་པ་དང་། མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཡག་པོ་ཤོད་པ། མི་རིགས་ཁག་གི་མང་ཚོགས་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་སློབ་གསོ་ཁྲིད་སྟོན་བཅས་བྱེད་དགོས། “འདུ་ཤེས་གསུམ”གྱི་སློབ་གསོ་སྔར་བས་རྒྱ་སྐྱེད་གཏིང་ཟབ་བཏང་ནས། དགོན་པའི་གནས་ཚུལ་ལ་གཞིགས་ཏེ་ཐབས་ཇུས་འདོན་པ་དང་། སྒྲོག་འགྲེལ་ལས་དོན་ཡག་པོ་སྤེལ་ནས་གྲྭ་བཙུན་གྱི་རང་ངོས་སློབ་གསོ་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། གྲྭ་བཙུན་ཚོར“འདུ་ཤེས་གསུམ”ནང་སེམས་སུ་ཟུག་པ་དང་ཕྱི་བྱ་སྤྱོད་དུ་འཁྱོལ་བར་བྱེད་དགོས་པའི་སྐུལ་མ་བཏང་ཐོག “འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་སྤེལ་བར་སྐུལ་འདེད་གཏོང་དགོས། དགོན་སྡེའི་མེ་ཟོན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། རིག་ལྡན་མེ་ཟོན་སྒྲིག་ཆས་སྐྲུན་མགྱོགས་སུ་གཏོང་བ་དང་། དེང་རབས་ཚན་རིག་ལག་རྩལ་དང་ཆ་འཕྲིན་ཅན་གྱི་བྱ་ཐབས་སྤྱད་དེ། མེ་ཟོན་བདེ་འཇགས་ཀྱི་ནུས་པ་ཆེ་རུ་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས།
ཝང་ཅུན་ཀྲེང་གིས་བརྟག་ཞིབ་གནང་རིང་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས། དུས་རབས་གསར་པར་ཆོས་ལུགས་ལ་ངོས་འཛིན་ཇི་ལྟར་བྱེད་དགོས་པ་དང་། ཆོས་ལུགས་ཀྱི་གནད་དོན་ཐག་གཅོད་ཇི་ལྟར་བྱེད་པ། ཏང་གི་ཆོས་ལུགས་ལས་དོན་ལེགས་སྒྲུབ་ཇི་ལྟར་བྱེད་དགོས་པ་སོགས་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ལན་གཏིང་ཟབ་བསྐྱོན་པ་དང་། ལྷག་དོན་དུ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་པའི་ལས་ཀའི་བླང་བྱར་གསལ་འགྲེལ་གཏིང་ཟབ་གནང་སྟེ། དུས་རབས་གསར་པའི་བོད་ཀྱི་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆོས་ལུགས་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་བསྟར་བ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་དགོས། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཁྲིམས་སྐྱོང་དྲིལ་བསྒྲགས་བྱ་རྒྱུ་དེ་དགོན་སྡེའི་དོ་དམ་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། དགོན་སྡེའི་དོ་དམ་ལམ་ལུགས་ཅན་དང་། ཚད་ལྡན་ཅན། ཁྲིམས་སྐྱོང་ཅན་བཅས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ཆོས་ལུགས་ལས་དོན་ཁྲིམས་ལྟར་ཐག་གཅོད་བྱེད་པ། ཁྲིམས་དང་མཐུན་པར་སྲུང་སྐྱོང་དང་། ཁྲིམས་དང་འགལ་བར་བཀག་འགོག ཐལ་དྲགས་པར་བཀག་འགོག སིམ་འཛུལ་ལ་བཀག་འགོག ཉེས་གསོག་ལ་རྡུང་རྡེག་གཏོང་བ་བཅས་བྱས་ཏེ། དགོན་སྡེ་ཞི་མཐུན་བརྟན་ལྷིང་ཡོང་བར་འགན་ལེན་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུ་དེ་ལས་ཀའི་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས“འདུ་ཤེས་གསུམ”གྱི་སློབ་གསོའི་བྱེད་སྒོ་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། “རྒྱུན་གཏན”དང“ཡུན་རིང” ཡོང་བར་འབད་བརྩོན་བྱས་ཏེ། སློབ་གསོའི་གཞི་རྟེན་རྒྱུན་ཆད་མེད་པར་གསར་གཏོད་དང་། སློབ་གསོའི་ལས་སྟེགས་རྒྱ་སྐྱེད། སློབ་གསོའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ནས། རྒྱ་ཆེའི་གྲྭ་བཙུན་རྣམས་ཀྱིས་རང་ངོས་ཀྱི་སློབ་གསོ་དང་། རང་ངོས་ཀྱི་དོ་དམ། རང་གཅུན་རང་འདོམས་བཅས་ལ་ཤུགས་སྣོན་རྒྱག་རྒྱུར་ཁྲིད་སྟོན་བྱས་ཐོག “འདུ་ཤེས་གསུམ”གྱི་སློབ་གསོའི་ཕན་འབྲས་དེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་བའི་རང་རྟོགས་ཀྱི་བྱ་སྤྱོད་དུ་འགྱུར་ཐབས་ཏན་ཏིག་བྱེད་དགོས། རྒྱ་ཆེའི་ཆོས་ཕྱོགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་དང་གྲྭ་བཙུན་རྣམས་ཀྱིས་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་སུ་ནུས་པ་ཐོན་པ་བཅས་དངོས་སུ་ཐུབ་པར་བྱས་ཏེ། སྣེ་ཁྲིད་ཀྱི་ནུས་པ་ཏན་ཏིག་འདོན་པ་དང་དད་ལྡན་མང་ཚོགས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་ཐུབ་པར་བྱེད་དགོས།