ཟླ་བ་དང་པོ་ནས་བཅུ་གཅིག་པའི་བར་བོད་རང་སྐྱོང་ལྗོངས་ཀྱི་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱེད་ཚད་དུས་མཚུངས་ལས་9.4%འཕར་བ།
ཉེ་ཆར་གསར་འགོད་པས་ལྷ་ས་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱས་པར། བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2024ལོའི་ཟླ་བ་དང་པོ་ནས་བཅུ་གཅིག་པའི་བར་རང་སྐྱོང་ལྗོངས་ཀྱི་དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་112.2ཟིན་པ་དེ་དུས་མཚུངས་ལས(གཤམ་དང་མཚུངས)9.4%འཕར་ཡོད། དེའི་ནང་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་99.89ཟིན་ནས་8.5%འཕར་ཡོད། ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་12.31ཟིན་ནས་18.2%འཕར་ཡོད། ཚོང་དོན་གྱི་དྲང་ཁྱད་སྒོར་དུང་ཕྱུར་87.58ཟིན་ཡོད། སྤྱིའི་ཆ་ནས་བལྟས་ན། ཟླ་བ་དང་པོ་ནས་བཅུ་གཅིག་པའི་བར་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་གཞི་ཁྱོན་བརྟན་ཐོག་ཡར་འཕེལ་དང་། ཡར་ཐོག་ལེགས་འཕེལ། ལེགས་ཐོག་སྤུས་ལེགས་བཅས་བྱུང་བ་དེ་དག་རྒྱལ་ཡོངས་ཀྱི་ཆ་སྙོམས་ལས་བརྒྱ་ཆའི་གྲངས་4.5ཡིས་མཐོ་བ་ཡོད།
ས་ཁུལ་དང་གྲོང་ཁྱེར་གྱི་ངོས་ནས་བལྟས་ན། གཞིས་རྩེ་གྲོང་ཁྱེར་དང་ལྷ་ས་གྲོང་ཁྱེར་ནི་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱེད་པའི“སྒུལ་ཤུགས་གཉིས”ལ་གྱུར་ཡོད། གཞིས་རྩེ་གྲོང་ཁྱེར་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་58.46ཟིན་ནས་12.0%འཕར་བ་དང་། ལྷ་ས་གྲོང་ཁྱེར་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་53.24ཟིན་ནས་6.4%འཕར་ཡོད། གྲོང་ཁྱེར་གཉིས་ཀྱིས་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་རིན་ཐང་བསྡོམས་འབོར་གྱི་99%ཡན་ཟིན་ཡོད།
ཁྲོམ་རའི་བྱེད་པོའི་ངོས་ནས་བལྟས་ན། དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་བསྡུར་ཚད་བཟུང་ཚད་98.6%ཟིན་ཡོད། བོད་ཀྱི་དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་110.64ཟིན་ནས་15.2%འཕར་ཏེ་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་རིན་ཐང་བསྡོམས་འབོར་གྱི་98.6%བཟུང་བ། གཞུང་ཁོངས་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་1.07ཟིན་ཡོད།
ཚོང་དོན་གྱི་གྲུབ་ཆའི་ངོས་ནས་བལྟས་ན། སྤྱིར་བཏང་ཚོང་དོན་གྱིས་གཙོ་ཁྲིད་ཀྱི་གོ་གནས་བཟུང་ཡོད། བོད་ཀྱི་སྤྱིར་བཏང་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་63.37ཟིན་པ་དང་། མཐའ་མཚམས་ཀྱི་གྲངས་འབོར་ཉུང་བའི་ཚོང་དོན་ཉོ་ཚོང་བྱེད་ཚད་སྒོར་དུང་ཕྱུར་31.65ཟིན་ནས་30.5%འཕར་བ། མཐའ་མཚམས་མི་སེར་གྱི་ཉོ་ཚོང་བྱེད་ཚད་སྒོར་དུང་ཕྱུར་0.4ཟིན་ནས་0.2%འཕར་བ་བཅས་རེད།
ཚོང་ཟོག་གི་གྲུབ་ཆའི་ངོས་ནས་བལྟས་ན། ངལ་རྩོལ་མི་ལག་མང་འདུས་རང་བཞིན་གྱི་ཐོན་རྫས་ཕྱིར་གཏོང་གི་བསྡུར་ཚད་བཅུ་ཆ་ལྔ་ཙམ་ཟིན་ཡོད། བོད་ཀྱིས་ངལ་རྩོལ་མི་ལག་མང་འདུས་རང་བཞིན་གྱི་ཐོན་རྫས་སྒོར་དུང་ཕྱུར་46.58རི་བ་ཕྱིར་གཏོང་བྱས་པ་དེ་བོད་ཀྱི་ཕྱིར་གཏོང་རིན་ཐང་བསྡོམས་འབོར་གྱི་7.2འཕར་བ་དེས་བོད་ཀྱི་རིན་ཐང་བསྡོམས་འབོར་གྱི་46.6%ཟིན་པ། འཕྲུལ་གློག་ཐོན་རྫས་སྒོར་དུང་ཕྱུར་31.09རི་བ་ཕྱིར་གཏོང་བྱས་ཡོད། ཐོན་འབོར་ཆེ་བའི་ཚོང་ཟོག་སྒོར་དུང་ཕྱུར་7.85རི་བ་ནང་འདྲེན་བྱས་ནས་319.7%འཕར་བ་དང་། སྒོར་དུང་ཕྱུར་2.2རི་བའི་འཕྲུལ་གློག་ཐོན་རྫས་ནང་འདྲེན་བྱས་ཡོད།