ལོ་འདིར་ལྕགས་ལམ་ལས་རེས་ཀྲེན་ཀྲང་ཨན་ཧའེ་ཕིང་གིས་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ཨ་མདོ་མེ་འཁོར་བབས་ཚུགས་སུ་ལས་གནས་བརྟན་སྲུང་བྱས་ནས་འགྲུལ་པར་དྲོ་སྐྱིད་སྦྱིན།
2024ལོ་ནི་ཨན་ཧའེ་ཕིང་བོད་དུ་ལས་ཀར་སླེབས་པའི་ལོ་བཅུ་གཅིག་པ་དེ་རེད།
ལོ་11གོང་ཨན་ཧའེ་ཕིང་ས་བབ་མཐོ་ཚད་སྨི་3568ཡོད་པའི་ལྷ་གཞིས་ལྕགས་ལམ་ཆུ་ཤུར་བབས་ཚུགས་སུ་ལས་སྒྱུར་བྱས་པ་དང་། ལོ་9ཡི་གོང་མཚོ་བོད་ལྕགས་ལམ་གྱི་ས་བབ་མཐོ་ཚད་སྨི་4513ཡོད་པའི་ནག་ཆུ་མེ་འཁོར་བབས་ཚུགས་སུ་ལས་སྒྱུར་བྱས་པ། ལོ་གསུམ་གོང་ས་བབ་མཐོ་ཚད་སྨི་4702ཡོད་པའི་ཨ་མདོ་མེ་འཁོར་བབས་ཚུགས་སུ་ལས་སྒྱུར་བྱས་པས་ལས་ཀ་བྱ་ཡུལ་གྱི་ས་བབ་ཇེ་མཐོར་ཕྱིན་པ་དང་བསྟུན་ནས་གསོ་རླུང་ཡང་ཇེ་ཉུང་དུ་འགྲོ་བཞིན་ཡོད་མོད། འོན་ཀྱང་ཨན་ཧའེ་ཕིང་གི་ཞབས་འདེགས་ཞུ་སེམས་ཇེ་ཆེར་འགྲོ་བཞིན་ཡོད།
ཨན་ཧའེ་ཕིང་གིས“2024ལོ་རྫོགས་ཉེར་ཡོད། ལོ་དེའི་ནང་ངར་སེམས་འགུལ་ཆེ་ཤོས་ཐེབས་པའི་སྐད་ཆ་ནི‘དྲོ་སྐྱིད’ཅེས་པ་དེ་རེད། འགྲུལ་སྐྱེལ་གྱི་ལས་ཀ་བྱེད་པར་འགྲུལ་པ་དང་ཐད་ཀར་འབྲེལ་གཏུག་བྱེད་དགོས་ཀྱི་ཡོད། ཨ་མདོ་བབས་ཚུགས་ཀྱི་ས་ཁམས་ཆགས་ཡུལ་དམིགས་བསལ་ཡིན་པའི་དབང་གིས་ང་ཚོས་ཞབས་འདེགས་ཞུ་བར་ཡང‘དམིགས་བསལ’དགོས་ཤིང་། ཨ་མདོ་བབས་ཚུགས་ནས་མེ་འཁོར་ལ་བསྡད་དེ་ལྷ་སར་བསྐྱོད་མཁན་བོད་རིགས་རྒན་རྒོན་ཅུང་མང་བ་མ་ཟད། ཕལ་ཆེ་བ་རྐང་ལག་ཐང་པོ་དེ་ཙམ་མེད་པའི་ཁར་རྡོག་ཁྲེས་ཀྱང་ཅུང་མང་པོ་ཡོད། དེར་བརྟེན་ང་ཚོས་འཁར་བ་དང་ཐེར་ཆུང་སོགས་བབས་ཚུགས་གཞན་དུ་མཐོང་དཀོན་པའི་ལག་ཆ་ཆེད་མངགས་གྲ་སྒྲིག་བྱས་ནས་རྒན་རྒོན་དེ་དག་ལ་སྟབས་བདེ་སྐྲུན་གྱི་ཡོད”ཅེས་བཤད།
ད་ལོའི་དབྱར་ཁའི་གུང་གསེང་དུ་ཧུའུ་ནན་ནས་སྒེར་འཁོར་བཏང་སྟེ་བོད་དུ་ཡོང་བའི་རྒན་ཡོལ་ཞུས་པའི་དགེ་རྒན་བཞི་ཨ་མདོ་རྫོང་དུ་སླེབས་སྐབས་གློ་བུར་དུ་ས་མཐོར་མ་འཕྲོད་རྐྱེན་འཕྲལ་མར་མེ་འཁོར་སྤ་སེ་ཉོས་ནས་ཕྱིར་ལོག་རྩིས་ཡོད་པ་རེད། ཨན་ཧའེ་ཕིང་གིས“སྐབས་དེ་དུས་སྤ་སེ་ཧ་ཅང་དཀོན་པས་ངས་ཁོང་ཚོར་སྔོན་ལ་གོར་མོ་བར་སྤ་སེ་ཉོ་བ་དང་དེ་རྗེས་གོར་མོ་ནས་ཟི་ལིང་བར་དང་ཟི་ལིང་ནས་ཧུའུ་ནན་བར་སྤ་སེ་ཉོས་ན་འཚམ་པོ་ཡོད་པའི་གྲོས་འགོ་བཏོན་པ་ཡིན་ལ་མེ་འཁོར་ནང་འཛུལ་སྐབས་འགྲུལ་པ་དེ་དག་གིས་དགའ་ཚོར་ཆེན་པོ་བྱེད་ཀྱི་འདུག”ཅེས་བཤད་པ་དང་ཁོང་གིས་ཛ་དྲག་གི་གནས་ཚུལ་དེ་རིགས་འཕྲད་སྐབས་སྤ་སེ་ཉོ་མི་ཐུབ་པའི་འགྲུལ་པ་རྣམས་ལ་ང་ཚོས་ནུས་ཤུགས་གང་ཡོད་བཏོན་ནས་ཕ་ཡུལ་དུ་བདེ་བླག་ངང་ལོག་ཐུབ་པ་བྱེད་ཀྱི་ཡོད་ཅེས་བཤད།
འགྲུལ་པར་རླངས་འཁོར་སྒུག་པའི་ཉམས་ལེན་དེ་བས་ལེགས་པོ་ཡོང་ཆེད། ད་ལོ་མེ་འཁོར་བབས་ཚུགས་ཀྱིས་མེ་འཁོར་སྒུག་ཁང་ལ་དཀར་རྩི་བྱུག་པ་དང་། ཁང་ནང་གི་བཀོད་པ་ལེགས་སུ་བཏང་བ། དྲོད་ལེན་སྒྲིག་བཀོད་རིམ་སྤོར་བྱས་པ། མེ་འཁོར་སྒུག་སའི་རྐུབ་སྟེགས་བརྗེ་བ་བཅས་གང་ས་ཅི་ཐད་ནས་འགྲུལ་པར་གཅེས་སྐྱོང་གང་ལེགས་བྱས་པ་མཚོན་ཡོད།
ཞིབ་ཚགས་ཅིང་སྙིང་ཉེ་བའི་བྱེད་ཐབས་དེ་རིགས་ལས་ས་བབ་མཐོ་བའི་མེ་འཁོར་བབས་ཚུགས་དེར་དྲོ་སྐྱིད་ཀྱི་ཚོར་སྣང་ཞིག་སྦྱིན།
ཟླ་5པའི་ཉིན་ཞིག་ཨན་ཧའེ་ཕིང་གིས་མེ་འཁོར་སྒུག་ཁང་དུ་སྐོར་ཞིབ་བྱེད་སྐབས་བོད་རིགས་རྒན་མོ་ཞིག་གིས་གློ་བུར་དུ་ཁོང་གི་ལག་ནས་འཐེན་སྟེ་ཉེ་འཁོར་གྱི་མི་རྣམས་ལ“ཁ་སྔོན་ང་ལྷ་སར་འགྲོ་སྐབས་མིག་ཤེལ་བཏགས་པའི་ཕོ་གཞོན་རྒྱགས་པ་དེས་ངའི་རྡོག་ཁྲེས་འཁྱེར་རོགས་བྱས་བྱུང”ཞེས་བཤད།
“དེ་ལྟར་ཤོད་བཞིན་རྒན་རྒོན་གྱིས་འདར་སིག་སིག་ངང་སྔོན་ནས་གྲ་སྒྲིག་བྱས་པའི་ཤ་སྐམ་པོ་དང་ཕྱུར་བ་ཁུག་མ་གང་ང་ལ་སྤྲད་བྱུང”ཞེས་དོན་འདི་ཕྱིར་དྲན་བྱེད་བཞིན་ཨན་ཧའེ་ཕིང་གི་མིག་ཟུང་ལ་མཆི་ཞག་གིས་ཁེངས།
“ང་ལོ་ན་རྒན་ཤོས་མིན་མོད། འོན་ཀྱང་ལས་རེས་ཀྲེན་ཀྲང་ཞིག་ཡིན་པའི་ངོས་ནས་ངའི་གནོན་ཤུགས་ཆེ་ཤོས་དང་འགན་འཁྲི་ལྕི་ཤོས་ཡིན”ད་ལོ་ལོ་36ལ་སླེབས་པའི་ཨན་ཧའེ་ཕིང་ནི་ཨ་མདོ་མེ་འཁོར་བབས་ཚུགས་ཀྱི་ལས་རེས་ས་ཚིགས་ཀྱི་མི་སྣ་6ཁྲོད་ཀྱི་ཡ་གྱལ་ཞིག་རེད།
མེ་འཁོར་སྒུག་ཁང་ལ་ཆེད་ལས་ཀྱི་འཕྲུལ་ཁང་གཞན་དག་ཡོད་པས་ཕྱོགས་གཅིག་ནས་ས་ཚིགས་ཁུལ་གྱི་ལས་རོགས་གཞན་དག་གིས་མཚན་ལས་བྱེད་སྐབས་འགྲོ་འོང་སྟབས་བདེ་ཡོང་བའི་འགན་ལེན་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་འཕྲལ་སྡོམ་ཐག་གཅོད་ཀྱི་དགོས་མཁོར་བསམ་གཞིག་བྱས་པ་དང་གལ་ཏེ་ཐོལ་བྱུང་གི་གནས་ཚུལ་ཐོན་ཚེ་འཕྲལ་མར་ཐག་གཅོད་ཐུབ་པ་བྱ་ཆེད་ཁོང་གིས་མེ་འཁོར་སྒུག་ཁང་དུ་ལས་ཀ་བྱེད་པ་མ་ཟད། ཟ་སྡོད་ཀྱང་བྱེད་ཀྱི་ཡོད།
ཨན་ཧའེ་ཕིང་གིས“མེ་འཁོར་སྒུག་ཁང་དུ་བསྡད་ཚེ་སྟབས་བདེ་པོ་འདུག གཅིག་ནས་ཉལ་གྲོགས་ལ་བསྟུན་མི་དགོས་པས་དགོང་ལྟར་གསོ་རླུང་རྔུབ་ཞོར་བུ་དང་བརྙན་ལམ་ཐོག་ནས་འབྲེལ་གཏུག་བྱས་ཚེ་སེམས་ལྷོད་ལ་བབས་ཀྱི་འདུག”བུའི་སྐད་ངག་ཕྲ་པོ་དེ་ཐོས་པ་ཙམ་གྱིས་ངའི་ཉིན་གང་གི་ངལ་དུབ་འཇའ་ལྟར་ཡལ་སོང་ཞེས་བཤད།
ཨན་ཧའེ་ཕིང་གིས“མི་གཞན་ཚང་མ་ས་བབ་དམའ་སར་ལས་སྒྱུར་བྱེད་ཀྱི་ཡོད། འོན་ཀྱང་ཁྱོད་ཀྱིས་ས་བབ་མཐོ་སར་འགྲོ་འདོད་བྱེད་དོན་གང་ཡིན་ནམ་ཞེས་སྐད་ཆ་འདྲི་མཁན་འདུག སྔོན་ཆད་ངས་ཀྱང་གང་གི་ཆེད་དུ་ཡིན་པ་ཤེས་ཀྱི་མེད། འོན་ཀྱང་ད་ལོ་ངར་ཕལ་ཆེར་ལན་རྙེད་པ་ལྟར‘དྲོ་སྐྱིད’དེ་དག་གིས་ང་ལ་སེམས་འགུལ་ཐེབས་ཡོད་ཀྱང་སྲིད”ཅེས་བཤད།
ལས་ཀར་ཞུགས་ནས་ལོ་11སོང་རིང་ངས་ཁྱིམ་དུ་ལོ་གསར་ཐེངས་གཅིག་ལས་གཏོང་མྱོང་མེད་ལ་སྐབས་དེ་དུས་ངའི་བུ་སྐྱེ་རྒྱུ་རེད། ངས་ལོ་ཐོར་བལྟས་ཏེ་སང་ལོའི་ལུགས་རྙིང་ལོའི་ཟླ་དང་པོའི་ཚེས་བདུན་ཉིན་ཁྱིམ་དུ་ལོག་ནས་ཚེས་བརྒྱད་ཉིན་གྱི་བུ་ལོ་བརྒྱད་ལ་སླེབས་པའི་སྐྱེས་སྐར་རྗེས་ཟིན་པ་བྱེད་ཀྱི་ཡིན། ངས་བུའི་སྐྱེས་སྐར་གྱི་ལག་རྟགས་ལ་ཨ་མདོའི་ཡུལ་ཟོག་ཐོན་རྫས་གཙོད་ཕྲུག་ཆུང་ཆུང་གྲ་སྒྲིག་བྱས་ཡོད”ཅེས་གནོང་འགྱོད་ཕྲན་བུ་སྐྱེ་བཞིན་དུ་འཆར་ཉེར་ཡོད་པའི་གུང་གསེང་ལ་རེ་སྒུག་ཆེན་པོ་བྱེད་བཞིན་མཆིས།