ཉིང་ཁྲི་གྲོང་ཁྱེར་གྱིས་ལྗོངས་ཡོངས་ཀྱི་སྒྱུར་བཅོས་སྒོ་དབྱེའི་སྔོན་སྤེལ་ཁུལ་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་བཏང་བར་ཕན་འབྲས་ཐོན་པ།
ཉིན་ཤས་གོང་། གསར་འགོད་པར་ཉིང་ཁྲི་གྲོང་ཁྱེར་གྱི་ལྗོངས་ཡོངས་ཀྱི་སྒྱུར་བཅོས་སྒོ་དབྱེའི་སྔོན་སྤེལ་ཁུལ་འཛུགས་གཏོད་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2021ལོའི་ཟླ་12པ་ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་གྱིས“ས་ཆ་གཉིས་དང་ཁུལ་ལྔའི”སྤྱིའི་དམིགས་ཚད་གཏན་འཁེལ་བྱས་ནས། 2023ལོ་དང་2024ལོ་ལྗོངས་ཡོངས་ཀྱི་སྒྱུར་བཅོས་སྒོ་དབྱེའི་སྔོན་སྤེལ་ཁུལ་འཛུགས་པའི་འགག་སྒྲོལ་མགྱོགས་གཏོང་ལོ་དང་ཚད་བརྒལ་ཕན་འཕར་ལོར་གཏན་འཁེལ་བྱས་ཐོག་སྒྱུར་བཅོས་དེ་བས་ཟབ་གཏོང་དང་སྒོ་དབྱེ་དེ་བས་ཆུ་ཚད་མཐོ་པོར་སླེབས་པར་སྐུལ་འདེད་བཏང་ནས། ལྗོངས་ཡོངས་ཀྱི་སྒྱུར་བཅོས་སྒོ་དབྱེའི་སྔོན་སྤེལ་ཁུལ་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་བཏང་བར་ཕན་འབྲས་ཡག་པོ་ཐོན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བཅུ་གཅིག་བར། ཉིང་ཁྲི་གྲོང་ཁྱེར་གྱིས་རིམ་རྩིས་བརྒྱབ་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1477.28ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་134.04ཟིན་པ་དེ་དུས་མཚུངས་ལས་16.08%དང་18.75%སོ་སོར་འཕར་ཡོད་པ་རེད། དེ་དང་ཆབས་ཅིག ཉིང་ཁྲི་གྲོང་ཁྱེར་དུ་ཐོན་སྐྱེད་གཉེར་སྐྱོང་བྱེད་འགོ་ཚུགས་པའི་ཀོང་པོ་རྒྱ་མདའ་རྫོང་དང་སྣང་རྫོང་གི་འོད་ཤུགས་རྣམ་གྲངས་ཀྱིས་ལོའི་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1.19ཟིན་པ་དང་། ཉིང་ཁྲི་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱིས《ཉིང་ཁྲི་གྲོང་ཁྱེར་གྱི་ནུས་རྒྱུ་གཙང་མའི་ཐོན་ལས་འཁོར་འབྲེལ་གོང་འོག་སྦྲེལ་མཐུད་ཀྱི་ཚོང་འགུགས་འཆར་འགོད》སྒྲིག་བཟོ་བྱས་ནས་ཐོན་ལས་འཁོར་འབྲེལ་གྱི་གོང་འོག་སྦྲེལ་མཐུད་དང་། མཁོ་སྒྲུབ་འཁོར་འབྲེལ་གྱི་ལྷུ་ཚིགས་ཁག གསར་གཏོད་འཁོར་འབྲེལ་བཅས་ཀྱི་འབྲེལ་ཡོད་ཕྱོགས་དེ་གར་བཀུག་པ་སྟེ་ཏ་ཐང་དང་། ཞུས་ཀོན། ཨན་ནེང་སོགས་ཁེ་ལས་ཁག་སྔ་རྗེས་སུ་ནང་འདྲེན་བྱས་ཡོད་པ་རེད།