ཀྲུང་དབྱང་དམར་དམག་རྒྱང་སྐྱོད་སྐབས་བརྒལ་བའི་གངས་རི་ཆེན་པོ་དང་པོ་གྱ་གྱུ་རི་བོའི་ཕུག་ལམ་ཏལ་འབིགས་ཐུབ་པ།
ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་12ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན། མེ་སྒྱོགས་མཐའ་མ་དེ་བརྒྱབ་པ་དང་ཆབས་ཅིག་འཛུགས་སྐྲུན་ལ་ཞུགས་མཁན་མི་སྣ་600ལྷག་ཙམ་གྱིས་ལོ་གསུམ་རིང་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། རྒྱལ་ལམ་351གི་གྱ་གྱུ་རི་བོའི་ཕུག་ལམ་གྱི་ཕུག་ལམ་གཙོ་བོ་ཏལ་འབིགས་ཐུབ་ནས་སང་ལོར་རླངས་འཁོར་ཤར་གཏོང་ཐུབ་རྒྱུའི་དམིགས་ཚད་ཀྱི་ཕྱོགས་སུ་གོམ་པ་བརྟན་པོ་སྤོས་ཡོད། སི་ཁྲོན་ནུབ་རྒྱུད་ས་ཁུལ་གྱི་གྱ་གྱུ་རི་བོ་ནི་ཀྲུང་དབྱང་དམར་དམག་རྒྱང་སྐྱོད་སྐབས་བརྒལ་བའི་གངས་རི་ཆེན་པོ་དང་པོ་དེ་རེད།
རྣམ་གྲངས་ལེགས་གྲུབ་བྱུང་རྗེས། གྱ་གྱུ་རི་བོ་བརྒལ་སྐབས་དེ་སྔའི་རི་བརྒལ་དུམ་བུའི་འགྲིམ་འགྲུལ་འཇུར་མིག་གི་ཚོད་འཛིན་མི་ཕོག་པ་དང་དགུན་དུས་སུ་གངས་འཁྱགས་ཀྱི་ཤུགས་རྐྱེན་མི་ཐེབས་པར་ལོ་འཁོར་མོར་འགྲོ་སྐྱོད་ཐུབ་ནས་རླངས་འཁོར་གྱི་ལམ་ཐག་ད་ལྟའི་ཆུ་ཚོད་1ནས་སྐར་མ་10བར་ཐུང་དུ་འགྲོ་རྒྱུ་རེད།