གྲུ་ཁ་ཞིག་ནི་འབྲེལ་ཟམ་ཞིག་དང་སྦྲེལ་ཐག་ཅིག་དེ་བས་ཡིན།
འདི་ནི་ཀང་ས་ལུའོ·ལི་ཨའོ་སི་ཡིན་པ།
འདི་ནི་ཕེ་རུའི་ཐེ་ལུའུ་ཤིས་ལུའེ་གྲོང་ཁྱེར་གྱི་ཞིང་ར་ཞིག་ཏུ་ལས་བཟོས་འབྲུ་སེའུ་སྔོན་པོ་འཐུ་བཞིན་པ།
འདི་ནི་ཁོ་ལོམ་པི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་གྲྭར་སློབ་མ་རྣམས་ཀྱིས་རྩིས་འཁོར་སློབ་ཚན་ཉན་བཞིན་པ།
འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་20ཉིན་ཀྲུང་ཡོན་མཚོ་ཐོག་སྐྱེལ་འདྲེན་གྱི“ཐའེ་ཝུའུ་ཧྲི་གྲུ་གཟིངས”ཆན་ཁའེ་གྲུ་ཁར་འབྱོར་བ།
ཆན་ཁའེ་གྲུ་ཁའི་རྣམ་གྲངས་ནང་མ་ཞུགས་གོང་ངས་ཕེ་རུའི་སྲིད་གཞུང་གི་སྡེ་ཚན་དུ་ལོ་40ལྷག་ཙམ་ལས་ཀ་བྱས་མྱོང་། སྐབས་དེ་དུས་ངས་ཕེ་རུ་དང་ཀྲུང་གོའི་དངོས་སྒྲུབ་མཉམ་ལས་ཐད་རྒྱུས་མངའ་ཅུང་ཙམ་ཡོད་ལ། རྒྱལ་ཁབ་ཀྱི་ལས་གྲྭ་གལ་ཆེན་ནང་དངོས་སུ་ཞུགས་པའི་གོ་སྐབས་ཐོབ་རེ་ཡང་བྱེད་ཀྱི་ཡོད། 2019ལོར་ཆན་ཁའེ་གྲུ་ཁའི་རྣམ་གྲངས་ལས་ང་ལ་གོ་སྐབས་རག་པ་དང་ངའི་མི་ཚེའི་ལམ་བུར་འགྱུར་ལྡོག་འགྲོ་འགོ་ཚུགས་སོང་། ད་ལོར་ངས་ས་ཡུལ་དངོས་སུ་ཆན་ཁའེ་གྲུ་ཁ་སྒོ་འབྱེད་པར་དཔང་པོ་བྱས་པ་མ་ཟད། ཕེ་ཀྲུང་གི་དངོས་སྒྲུབ་མཉམ་ལས་དུས་རིམ་གསར་པར་སླེབས་པར་ཡང་དཔང་པོ་བྱས་པ་ཡིན།
ཉིན་ཤས་གོང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་པོ་ལུའུ་ཨར་ཐེས་ལི་མའི་ཙུང་ཐུང་གི་ལས་ཤག་ཏུ་བརྙན་ལམ་ནས་ཆན་ཁའེ་གྲུ་ཁའི་སྒོ་འབྱེད་མཛད་སྒོར་མཉམ་དུ་ཞུགས་པ་རེད། ང་དང་ཚོགས་པའི་ཁོངས་མི་ཡང་ཆན་ཁའེ་གྲུ་ཁའི་སྒོ་འབྱེད་མཛད་སྒོའི་ཡུལ་དངོས་སུ་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་གྲུ་ཁ་སྒོ་འབྱེད་ཀྱི་བཀའ་རྒྱ་མཉམ་དུ་བཏང་རྗེས། མཚན་མོའི་སྨག་རུམ་ཁྲོད་ཆན་ཁའེ་གྲུ་ཁ་ལས་སྒྲུབ་བྱེད་འགོ་བརྩམས་པ་རེད། ངོགས་ཟམ་མཐོན་པོ་ནས་དངོས་ཟོག་གོ་རིམ་ལྡན་པའི་ངང་ཡར་བཀྱགས་པ་དང་། ཀྲུང་ཡོན་གྱི“ཕེ་རུའི་གྲུ་གཟིངས”དང“ཧྲང་ཧའེ་གསར་པའི་གྲུ་གཟིངས”སོ་སོར་འདོན་འཇུག་བྱེད་འགོ་བརྩམས་ཤིང་། “འཕུར་སྐྱོད་གྲུ་གཟིངས”དལ་གྱིས་གྲུ་ཁ་ནས་གྱེས་ཏེ་དུང་བརྡ་སྒྲོག་བཞིན་རྒྱང་སྐྱོད་བྱས། མི་མེད་དོས་སྒམ་ལྗིད་ཐེག་རླངས་འཁོར་བྲེལ་འཚུབ་ཆེན་པོས་སྐྱོད་ཀྱི་འདུག སྐབས་དེར། ང་རང་སེམས་འགུལ་ཆེན་པོ་ཐེབས་བྱུང་། ལོ་ལྔའི་རིང་དཀའ་བ་སྤྱད་པ་ཚང་མ་ནི་དུས་དེ་སྒུག་ཆེད་ཡིན་ལ། ཕེ་ཀྲུང་རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་འཆར་འགོད་བྱས་པའི་མཉམ་ལས་འཆར་གཞི་མཐར་མངོན་འགྱུར་བྱུང་།
“དུས་ཐུང་ལོ་ངོ་ཁ་ཤས་ཀྱི་རིང་། དེང་རབས་ཅན་གྱི་གྲུ་ཁ་ཞིག་རྔམ་བརྗིད་ལྡན་པའི་ངང་བསྐྲུན་པས་མི་རྣམས་ལ་སྐུལ་ལྕག་ཐེབས་པ་ཞིག་ཡོད”ཅེས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲུ་ཁའི་སྒོ་འབྱེད་མཛད་སྒོར་ཤིས་ཚིག་གསུངས་ཤིང་། ཁོང་གིས།“ཆན་ཁའེ་ནས་ཧྲང་ཧའེ་བར”ང་ཚོས་དཔང་པོ་བྱེད་བཞིན་པ་ནི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་ཕེ་རུར་རྩ་བ་ཚུགས་པ་ཙམ་ཡིན་པ་མ་ཟད། དུས་རབས་གསར་པར་ཡ་ལ་སྐམ་མཚོའི་བགྲོད་ལམ་གསར་པ་ཞིག་བསྐྲུན་ཡོད། ཆན་ཁའེ་གྲུ་ཁ་སྒོ་ཕྱེ་བ་ནི་ཕེ་རུའི་མི་དམངས་ཡོངས་སྤོབས་པ་སྐྱེ་འོས་པའི་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་ཤིག་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་རྣམ་གྲངས་ལ་ཁས་ལེན་བྱས་པ་དང་འཛུགས་སྐྲུན་བྱེད་མཁན་ལ་བསྔགས་བརྗོད་བྱས་པར་ང་ལ་གཟི་བརྗིད་ཆེན་པོ་སྐྱེས་ཁར། གྲུ་ཁའི་མ་འོངས་པར་ང་ལ་གདེང་ཚོད་ཆེན་པོའང་ཡོད། གྲུ་ཁ་འདི་གནའ་བོའི་ཤེས་དཔལ་རྒྱལ་ཁབ་གཉིས་མཉམ་འདྲེས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་གཅུགས་ཟབ་ཏུ་གཏོང་བའི་འབྲེལ་ཟམ་ཞིག་ཏུ་གྱུར་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད་ཅེས་གསུངས།
མི་མེད་གྲམ་ཐང་ཞིག་ནས་ད་ཆའི་དེང་རབས་ཅན་གྱི་གྲུ་ཁའི་བར་གྱི་འགྱུར་ལྡོག་ལས་ཕེ་ཀྲུང་མཉམ་ལས་ཀྱི་འཆར་གཞི་རིམ་བཞིན་དོན་དངོས་སུ་འགྱུར་བཞིན་ཡོད། ཕེ་རུ་ནས་ཀྲུང་གོར་བར་གྱི་མཚོ་ཐོག་སྐྱེལ་འདྲེན་བྱེད་ཡུན་ཉིན་23བར་ཐུང་དུ་སོང་ནས་ཟོག་འགྲེམས་མ་གནས་20%ཡན་གྲོན་ཆུང་ཐུབ་པ་དང་། ལོ་ལྟར་ཕེ་རུ་ལ་ཡོང་འབབ་ཨ་སྒོར་དུང་ཕྱུར་45རག་པ་སོགས་ཀྱི་གྲངས་ཀ་དེ་དག་ལས་ཆན་ཁའེ་གྲུ་ཁའི་འཕེལ་རྒྱས་ཀྱི་མདུན་ལམ་མངོན། ཕེ་རུ་སྲིད་གཞུང་གིས་གྲུ་ཁའི་མཐའ་འཁོར་དུ་དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་རྒྱུར་བསམ་བློ་གཏོང་གི་ཡོད་ལ། དེས་ས་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་གསར་པའང་སྦྱིན་ངེས་རེད།
ཆན་ཁའེ་གྲུ་ཁ་ནི་གྲུ་ཁ་ཞིག་ཡིན་པ་མ་ཟད། འབྲེལ་ཟམ་ཞིག་དང་འབྲེལ་ཐག་ཅིག་དེ་བས་ཀྱང་ཡིན། མེ་གླིང་ལྷོ་མ་དང་ཨེ་ཤེ་ཡ་གཉིས་སྔར་བས་འབྲེལ་མཐུད་དམ་ཟབ་ཐུབ་པར་ང་ལ་ཡིད་ཆེས་བརྟན་པོ་ཡོད། “ཆན་ཁའེ་གྲུ་ཁ་བསྐྲུན་པ་ལས་ཕེ་རུ་ཡིས་མཚོ་རྒྱུད་ནས་སྐམ་སའི་དབུས་ཁུལ་བར་དང་། ཕེ་རུ་ནས་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་གཞན་དག་བར་གྱི་ཕྱོགས་བསྡུས་དང་། སྣ་མང་། ནུས་ཆེ་བཅས་ཀྱི་ཕན་ཚུན་སྦྲེལ་མཐུད་ཀྱི་རྣམ་པ་འཛུགས་རྒྱུར་ཕན་ཐོགས་ཡོད་པ་དང་། ཆན་ཁའེ་གྲུ་ཁ་འགོ་འཛུགས་སར་བྱས་པའི‘དུས་རབས་གསར་པའི་དབྱིན་ཅཱ་གནའ་ལམ’བསྐྲུན་ནས། ལ་ཏིང་མེ་གླིང་དང་ཅ་ལེ་པིའི་ས་ཁུལ་གྱི་སྤྱི་ཡོངས་འཕེལ་རྒྱས་དང་གཞི་གཅིག་ཅན་འཛུགས་སྐྲུན་ལ་སྐུལ་ཁྲིད་བྱེད་ཐུབ”ཅེས་པའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་དགོངས་ཚུལ་ཆེན་པོ་ལས་ང་ལ་ཤུགས་རྐྱེན་ཟབ་མོ་ཐེབས་བྱུང་། ཆན་ཁའེ་གྲུ་ཁའི་དུས་ཐེངས་དང་པོའི་ལས་གྲྭ་བསྐྲུན་པ་ནས་བཟུང་། པར་ཙིར་དང་། ཆི་ལི། ཁོ་ལོམ་པི་ཡ་སོགས་རྒྱལ་ཁབ་ཀྱི་ཁེ་ལས་མང་པོ་མཉམ་ལས་གྲོས་མོལ་བྱེད་པར་ཡོང་ནས་ཆན་ཁའེ་གྲུ་ཁར་བརྟེན་ནས་སྤུས་ལེགས་ཐོན་རྫས་དེ་བས་མང་བ་ཀྲུང་གོར་ཕྱིར་གཏོང་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཁེ་ལས་མཁས་ཅན་དེ་དག་གིས་ཁོ་ཚོའི་རེ་འདོད་གླེང་བ་ཐོས་རིམ་བཞིན་ང་ཚོས་སྒྲུབ་པའི་བྱ་གཞག་ཐད་ང་ལ་སྤོབས་པ་སྐྱེ་ཡི་འདུག གང་ལགས་ཤེ་ན། དེ་ནི་ང་ཚོས་གྲུ་ཁ་འདི་བསྐྲུན་པའི་ཐོག་མའི་བསམ་འདུན་ཡིན།
(རྩོམ་པ་པོ་ཀྲུང་ཡོན་མཚོ་ཐོག་སྐྱེལ་འདྲེན་གྲུ་ཁའི་ཕེ་རུ་ཆན་ཁའེ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཡིན། འདི་ག་ཚགས་པར་གྱི་གསར་འགོད་པ་སུང་དབྱི་རན་གྱིས་བཅར་འདྲི་བྱས)