དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཆན་ཁའེ་ནས་ཧྲང་ཧའེ་བར”དོན་དངོས་སུ་གྱུར་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  སུང་དབྱི་རན།   |     སྤེལ་དུས།  2024-12-27

    ཕེ་རུའི་རྒྱལ་ས་ལི་མའི་ཧའོ་ཨེར་ཧོ·ཁྲ་ཝེ་སི་རྒྱལ་སྤྱིའི་གནམ་ཐང་ནས་ཆན་ཁའེ་གྲུ་ཁར་སྐྱོད་པའི་ལམ་བར་དུ། དོས་སྒམ་མམ་ཡང་ན་ཞིང་ལས་ཐོན་རྫས་བླུགས་པའི་ཟོག་འདྲེན་རླངས་འཁོར་གྱི་རྒྱུན་ཆད་རྒྱུ་མེད། བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བ་གཡོད་ཧན་ཉི་ནི་ཆན་ཁའེ་ཡི་ས་གནས་དེ་གའི་མི་རེད། ཁོང་གིས་དགའ་སྤྲོའི་ངང་གསར་འགོད་པར་ཆན་ཁའེ་གྲུ་ཁ་གཉེར་སྐྱོང་བྱེད་འགོ་ཚུགས་ཚུན་དུ་ལས་བྲེལ་ཆེ་བའི་རྣམ་པ་དེ་འདྲ་རྟག་ཏུ་མཐོང་རྒྱུ་ཡོད་ཅེས་བཤད།

    ཟླ་བ་གཅིག་ལྷག་ཙམ་གྱི་གོང་དུ། ཀྲུང་གོ་དང་ཕེ་རུ་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་བརྙན་ལམ་ནས་ཆན་ཁའེ་གྲུ་ཁའི་སྒོ་འབྱེད་མཛད་སྒོར་ལྷན་དུ་ཞུགས་པ་དང་། ཞི་བདེ་རྒྱ་མཚོའི་ཤར་ནུབ་ངོགས་གཉིས་སྦྲེལ་མཐུད་བྱེད་པའི་མཚོ་ལམ་གསར་རྐྱང་ཞིག་དངོས་སུ་ཤར་གཏོང་ཐུབ་པ། ཆན་ཁའེ་གྲུ་ཁ་ནས་ཐོན་ཏེ་ཕེ་རུའི་ཤིང་ཏོག་ལན་མེ་དང་རྒུན་འབྲུམ་སོགས་ཞིང་ལས་ཐོན་རྫས་བླུགས་པའི་ཟོག་འདྲེན་གྲུ་གཟིངས་ཀྲུང་གོའི་ཧྲང་ཧའེ་ཕྱོགས་སུ་སྐྱོད་པ། ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་དང་། ལིས་གློག་རྫས། ཉི་ནུས་གློག་རྫས་སོགས་ཐོན་རྫས་ཕེ་རུ་དང་ཐ་ན་ལ་ཏིང་མེ་གླིང་གི་ཁྲོམ་རར་འདྲེན་གྱི་ཡོད།

    ཆན་ཁའེ་གྲུ་ཁ་ནི་ཀྲུང་གོ་དང་ཕེ་རུའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གཙོ་གནད་རྣམ་གྲངས་ཤིག་རེད་ལ། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་དང་དངོས་སྒྲུབ་མཉམ་ལས་མཚོན་པའི་གསོན་ཉམས་དོད་པའི་བསྡུས་རིས་ཀྱང་རེད། ཁ་ཡ་ཨོ་ལྗང་མདོག་མཚོ་འགྲམ་གཞུང་ལམ་གྱིས་ས་གནས་དེར་འགྲོ་ལམ་གསར་པ་གལ་ཆེན་ཞིག་བཏོད་པ་དང་། ཁོ་ལོམ་པི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་གྲྭ་བསྐྱར་སྐྲུན་རྣམ་གྲངས་ཀྱིས་ཕྲུ་གུ་ཚོར་དེང་རབས་ཅན་གྱི་སློབ་གྲྭ་གསར་རྐྱང་བསྐྲུན་པ། ལི་མ་གྲོང་ཁུལ་གྱི་གློག་འདྲེན་གློག་སྦྱོར་རྣམ་གྲངས་ལས་རྒྱལ་སའི་མཚན་མོར་གློག་འོད་རབ་ཏུ་འཕྲོ་བ་ལ་སོགས། རྨང་གཞིའི་འཛུགས་སྐྲུན་རྣམ་གྲངས་ཆེ་གྲས་ནས“ཆུང་ཞིང་མཛེས་པའི”ལས་གྲྭའི་བར་ལ་ཀྲུང་གོ་དང་ཕེ་རུས་དངོས་སྒྲུབ་མཉམ་ལས་བྱས་པ་ལས་ཕེ་རུའི་མི་དམངས་ཀྱི་ཐོབ་སྣང་དང་སྐྱིད་སྣང་སྔར་བས་ཆེ་རུ་སོང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།